འདས་སོང་གི་ལོ་རྒྱུས་ཁྲོད་ནས་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་པ།

—— ལྷ་སའི་བར་སྐོར་གྱི་མཐོང་ཐོས།

བར་སྐོར་ནི་གནའ་གྲོང་ལྷ་སའི་ལོ་ངོ་སྟོང་གི་ཉམས་འགྱུར་མངོན་ཐུབ་པའི་ཁྲོམ་གཞུང་ཞིག་ཡིན་ཞིང་། བར་སྐོར་ལྟེ་བར་བྱས་པའི་བར་སྐོར་གནའ་གྲོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1.33ཟིན་པ་དང་དེ་ནི་ལྷ་སའི་གྲོང་ཁུལ་གྱི་ཕྱི་མོ་ལྟ་བུ་ཡིན།

སྤྱི་ལོའི་དུས་རབས་7པར། བཙན་པོ་སྲོང་བཙན་སྒམ་པོས་འུན་ཤིང་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་ཁབ་ཏུ་བཞེས་ནས་རྒྱ་སྟག་ར་མོ་ཆེ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས། བགྲང་བྱ་མང་པོའི་རིང་མི་རྣམས་ཀྱིས་གཙུག་ལག་ཁང་ལྟེ་བར་བྱས་ནས་གཡས་སྐོར་བརྒྱབ་པས་རིམ་བཞིན་གཙུག་ལག་ཁང་བསྐོར་བའི་ལམ་ཆུང་ཞིག་ཆགས།

ཕྱིས་སུ་གཙུག་ལག་ཁང་གི་མཐའ་འཁོར་དུ་རིག་གནས་དང་། ཚོང་དོན། ཆོས་ལུགས། གནས་སྡོད་སོགས་ནུས་པ་མང་པོ་གཞི་གཅིག་ཏུ་འདུས་པའི་ས་ཁོངས་ཤིག་ཆགས་པ་དེ་ནི་བར་སྐོར་གྱི་ཐོག་མའི་རྣམ་པ་རེད།

བར་སྐོར་ནི་རང་རྒྱལ་གྱི་ཁག་དང་པོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་ཁྲོམ་གཞུང་དང་། གཙུག་ལག་ཁང་ནི་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་རྒྱ་སྐྱེད་རྣམ་གྲངས་ཤིག་རེད།

བར་སྐོར་ནི་དགོན་པར་བརྟེན་ནས་གྲུབ་པ་དང་། རིག་གནས་ལ་བརྟེན་ནས་སྐད་གྲགས་ཆོད་ཅིང་། ལོ་རྒྱུས་ལ་བརྟེན་ནས་ཉམས་སྣང་དོད་ལ། སྲུང་སྐྱོབ་ལ་བརྟེན་ནས་དར་རྒྱས་བྱུང་བ་ཞིག་རེད།

བར་སྐོར་ནི་དེ་ཙམ་རིང་པོ་མེད་ཅེས་བརྗོད་ཆོག་སྟེ། ཁྲོམ་གཞུང་ཧྲིལ་པོ་ངེས་མེད་ཀྱི་སྒོར་དབྱིབས་སུ་གྲུབ་ཅིང་། མཐའ་འཁོར་གྱི་རིང་ཚད་ལ་སྨི་1000ཙམ་ཡོད། ལམ་རྒྱུད་དུ་ཚོང་ཁང་ཆེ་ཆུང་400ལྷག་ཙམ་དང་། དགོན་སྡེ་5 གྲོང་མིའི་སྒོ་ར་ཆེ་ཆུང་25བཅས་ཡོད།

བར་སྐོར་ནི་ཧ་ཅང་རིང་ཞེས་ཀྱང་བརྗོད་ཆོག་སྟེ། དེ་གར་སྐྱོད་སྐབས་ལོ་ངོ་སྟོང་གི་ལོ་རྒྱུས་ངང་ངམ་ཤུཌ་ཀྱིས་ཚོར་ཐུབ།

བར་སྐོར་ལ་འགྲོ་སའི་འཛུལ་སྒོར་ད་བར་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་འགྱིང་ངེར་གནས་ཡོད།

ཡིག་ཚགས་སུ་འཁོད་པ་ལྟར་ན། སྤྱི་ལོ་821ལོར་ཐང་རྒྱལ་རབས་དང་བཙན་པོའི་རྒྱལ་རབས་དབར་མཇལ་དུམ་མཛད། སྤྱི་ལོ་823ལོར་ཐང་བོད་གཉིས་ཀྱིས་མཇལ་དུམ་གྱི་ནང་དོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རྡོ་རིང་ཐོག་བརྐོས་པ་འདི་ལྟར་ཏེ། “བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱི་ལྷ་བཙན་པོ་དང་། ། རྒྱའི་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ་དབོན་ཞང་གཉིས། ། ཆབ་སྲིད་གཅིག་ཏུ་མོལ་ནས། ། མཇལ་དུམ་ཆེན་པོ་མཛད་དེ་གཙིགས་བཅས་པ། ། ནམ་ཞར་ཡང་མྱི་འགྱུར་པར། ལྷ་མྱི་ཀུན་གྱིས་ཤེས་ཤིང་དཔང་བྱས་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའི་ཕྱིར། ། མཇལ་དུམ་གྱི་གཙིགས་ཀྱི་མདོ་རྡོ་རིངས་ལ་བྲིས་པའོ”

2013ལོར་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་ཉམས་གསོའི་ལས་གྲྭ་དངོས་སུ་སྤེལ་འགོ་ཚུགས་ནས་ལྕགས་རི་བཤིག་སྟེ་ཤེལ་ཁེབས་སོགས་ཀྱི་སྒྲིག་བཀོད་སྤྱད་ནས་གནའ་བོའི་རྡོ་རིང་སྲུང་སྐྱོང་བྱས་ཏེ་ལྟ་སྐོར་བར་སྟབས་བདེ་བསྐྲུན་ཡོད།

ཁྲང་ཆིང་མཐུན་འབྲེལ་རྡོ་རིང་ནས་མདུན་དུ་གོམ་པ་བཅུ་གྲངས་ཁ་ཤས་བསྐྱོད་ཚེ། བར་སྐོར་ཁྲོམ་གཞུང་དང་ཉེ་བའི་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནས་རྙིང་བཤམས་སྟོན་ཁང་དུ་སླེབས་ཀྱི་ཡོད།

དེ་ནི་ད་བར་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་བཟོའི་ཐོག་སོ་གསུམ་ལྡན་གྱི་སྒོ་ར་ཞིག་ཡིན་པ་དང་བཤམས་སྟོན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་2700ལྷག་ཙམ་ཡོད། ཆིང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་གཡུང་ཀྲེང་སྲིད་ལོ་དྲུག་པར(1728ལོ)བོད་དུ་བོད་སྡོད་ཨམ་བན་གྱི་ཡ་མོན་དང་པོ་བཙུགས། དེ་རྗེས་ཀྱི་དུས་རབས་གཉིས་ཙམ་རིང་བོད་སྡོད་ཨམ་བན་བརྒྱ་ལྷག་ཙམ་བོད་དུ་འབྱོར་ཡོད།

བཤམས་སྟོན་ཁང་དུ་སླེབས་སྐབས་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་གྱི་བོད་སྐྱོང་ཆེད་དོན་འགྲེམས་སྟོན་དང་། བོད་སྡོད་ཨམ་བན་གྱི་སྙན་ཚིག་དང་། ཡིག་གཟུགས། རི་མོ། འཚོ་བ་བཅས་ཀྱི་འགྲེམས་སྟོན། མིན་གོ་ཀྲུང་དབྱང་སྲིད་གཞུང་གི་བོད་སྐྱོང་ཆེད་དོན་འགྲེམས་སྟོན། ཀྲུང་གོ་གུང་ཁྲན་ཏང་གི་བོད་སྐྱོང་དུས་རབས་གསར་པའི་འགྲེམས་སྟོན་སོགས་ལོ་རྒྱུས་ཀྱི་དཔྱད་གཞི་ཞིབ་ཕྲ་མིག་མདུན་དུ་མངོན་འོང་། རྩ་ཆེའི་རིག་དངོས་རེ་རེ་དང་། འདྲ་པར་རྙིང་པ་རེ་རེ། ཡིག་རིས་བརྩམས་ཆོས་བམ་པོ་རེ་རེ་བཅས་ལས་བོད་ནི་གནའ་སྔ་མོ་ནས་བཟུང་རང་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་གསལ་པོར་མངོན་ཡོད།

“འདི་ལོའི་ལོ་སྟོད་དུ་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་45ཟིན་ཡོད”ཅེས་བཤམས་སྟོན་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས།

བར་སྐོར་གྱིས་བོད་རྒྱ་མི་རིགས་ཀྱི་ལོ་ངོ་སྟོང་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་མཚོན་ཡོད།

སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་ཚའེ་ལགས་ཀྱིས“བར་སྐོར་དུ་ཡུལ་སྐོར་ལ་ཡོང་ནས་ཕྲུ་གུ་ཚོ་བོད་སྡོད་ཨམ་བན་ཡ་མོན་གྱི་གནས་རྙིང་བཤམས་སྟོན་ཁང་ལ་ལྟ་བར་ཁྲིད་དེ་ཁོང་ཚོར་མེས་རྒྱལ་གྱི་ལོ་རྒྱུས་ཤེས་རྟོགས་བྱེད་དུ་བཅུག་ཡོད། དེ་དང་ཆབས་ཅིག་བོད་ཀྱི་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་བལྟས་པ་བརྒྱུད། ཁོང་ཚོར་མེས་རྒྱལ་མངའ་ཁོངས་ཡངས་ཤིང་རྒྱ་ཆེ་ལ་འབྱོར་ཕྱུག་ལྡན་པ་དང་ཤུགས་རྐྱེན་ཟབ་མོའི་ཁྲོད་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་འཛུགས་སུ་བཅུག་ཡོད”ཅེས་བརྗོད།

བར་སྐོར་དུ་སྐྱོད་སྐབས་ལོ་རྒྱུས་དང་འབྱུང་འགྱུར་ངང་ངམ་ཤུགས་ཀྱིས་ཚོར་ཐུབ།

བར་སྐོར་གནའ་གྲོང་དུ་ད་ཆ་སྒོ་ར་རྙིང་པ་56དང་། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་8 རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་10བཅས་ཡོད། གནའ་གྲོང་ཁུལ་དུ་བོད་རིགས་གཙོ་བོར་བྱས་པའི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས་སོགས་མི་རིགས་20ལྷག་ཙམ་གྱི་མི་གྲངས་ཁྲི་7.1ལྷག་ཙམ་བསྡད་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། མི་རིགས་ཁག་འདི་རུ་མཛེས་སྡུག་མཉམ་གནས་དང་འཆམ་མཐུན་མཉམ་གནས་ཀྱིས་མི་རིགས་ཀྱི་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པོ་བྱུང་བ་དང་། ཤེས་དཔལ་གྱི་གྲུབ་འབྲས་ཕུན་སུམ་ཚོགས་པོ་བཏོད་ཡོད།

ད་ཆ་བར་སྐོར་གནའ་གྲོང་དུ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་སྲང་ལམ་35ཡོད་པའི་ནང་། མི་རིགས་ཁག་གི་མི་སེར་ཚོས་གཉེར་སྐྱོང་བྱེད་པའི་ཚོང་ལས་དྲ་ཚིགས་4195ཡོད་པ་དང་ཚོང་ཟོག་སྣ་ཁ་8000ལྷག་ཙམ་འཚོང་གི་ཡོད།

གཏིང་ཟབ་ལ་སྣ་མང་ཕུན་སུམ་ཚོགས་པ་དང་ཞི་མཐུན་ལྡན་པའི་རིག་གནས་ཀྱི་རྣམ་པ་ལས་བར་སྐོར་གནའ་གྲོང་དེ་ཉིད་རིག་རྩལ་གསར་རྩོམ་པ་མང་པོ་འདུ་འཛོམས་བྱ་ཡུལ་དུ་གྱུར་ཡོད། ཧྲའན་ཤིས་ཀྱི་བུ་མོ་ལིའུ་ཧྲན་གྱིས་བར་སྐོར་གྱི་ཉེ་འགྲམ་དུ་དཔེ་གསར་གྱི་རྒྱན་ཆའི་ཚོང་ཁང་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད་པ་དང་། ཁོང་གི་བརྩམས་ཆོས་ནང་བོད་ཀྱི་མི་ཆོས་རིག་གནས་དང་ལོ་རྒྱུས་ཟབ་མོ་འདུས་པ་དང་། མི་རིགས་ཁག་གི་སྒྱུ་རྩལ་ཉམས་འགྱུར་དང་དར་སྲོལ་གྱི་ཁྱད་ཆོས་མཉམ་འདྲེས་བྱས་ཡོད། “བར་སྐོར་ནི་ངའི་ལས་ཀ་དང་འཚོ་བ་སྐྱེལ་ས་ཡིན། དེ་གའི་ལོ་རྒྱུས་དང་། མཛེས་ལྗོངས། མི་བཅས་ལས་ང་ལ་གསར་རྩོམ་གྱི་འཆར་སྣང་ཚད་མེད་སྦྱིན་བྱུང”ཞེས་བརྗོད།

2013ལོའི་ཟླ་10པར། བོད་ཀྱིས《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་སྲུང་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་རེད།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་། ཏང་དང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་17.87བཏང་ནས་སྔ་རྗེས་སུ་གནའ་གྲོང་སྲུང་སྐྱོང་འདུ་འགོད་ཐེངས་བཞི་ལག་བསྟར་བྱས་པས། གནའ་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་། གྲོང་མིའི་སྡོད་གནས་ཁོར་ཡུག གནའ་གྲོང་གི་ཁྱད་ལྡན་རྣམ་པ། ལོ་རྒྱུས་རིག་གནས་ཁྲོམ་གཞུང་བཅས་ལ་སྲུང་སྐྱོང་དང་མཐོར་གཏོང་ནུས་ལྡན་ཐུབ་པ་དང་། གནའ་གྲོང་གི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ལོ་རྒྱུས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་མངོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།