གམ་གཙང་བའི་ཨར་འདམ་ལམ་དང་། གསར་དུ་བསྒར་བའི་ཉི་ནུས་ལམ་སྒྲོན། གྲལ་འགྲིག་པའི་བོད་བཟོའི་ཐོག་ཁང་། ཕར་འགྲོ་ཚུར་འོང་གི་ལྟ་སྐོར་རླངས་འཁོར། དེ་བཞིན་གང་ས་ནས་མཐོང་ཐུབ་པའི་བཀྲ་ཤིས་ཞོལ་པའི་འབག་སོགས་ལས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་ཉམས་འགྱུར་འདྲེས་པའི་རྣམ་པ་མངོན།
བཀྲ་ཤིས་མཆོད་རྟེན་ལ“ལྷ་མོའི་གྲོང་ཚོ་དང་པོ”ཞེས་སུ་འབོད་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ཁྲིད་སྦྱོང་གི་རྟེན་གཞིར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་དང་ཁྱིམ་ཚང་མགྲོན་ཁང་གི་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་གྱི་འཕེལ་རྒྱས་ལམ་བུ་གསར་པ་ཞིག་བཏོད་ཡོད།
སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་ནི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཉིན་ལྟར་དགོང་མོའི་ཆུ་ཚོད་8དང་ཕྱེད་ཀའི་ཐོག་ཁོང་གིས་གྲོང་མི་འཁྲབ་སྟོན་བྱེད་པར་སྒྲིག་འཛུགས་བྱས་ཏེ་ཡུལ་སྐོར་བར་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ཉམས་སྣང་སྟོན་གྱི་ཡོད། ཉི་མ་ཚེ་རིང་གིས་སྡེ་ཁུལ་དུ་དུད་ཚང་64ཡི་གྲོང་མིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དེས་དུད་ཚང་ཡོངས་ཀྱི་ཕྱེད་ཀ་ཟིན་པས་དུད་ཚང་རེར་འབབ་འཕར་སྒོར་ཁྲི་1.5ལྷག་ཙམ་ཟིན་པར་སྐུལ་ཁྲིད་བྱས་ཡོད་ཅེས་བཤད།
“ལོ་ན་རྒས་ཀྱང་ལས་གཏོད་བྱེད་ཐུབ་པ་བསམས་མྱོང་མེད”ན་ནིང་ཟླ་6པར་བོད་སྐྱོར་ལས་བྱེད་པའི་སྐུལ་སློང་འོག་ལོ་59ལ་སླེབས་པའི་རིག་འཛིན་པད་མས་ཁྱིམ་ཚང་མགྲོན་ཁང་གཉེར་ཞིང་། སྡེ་ཁུལ་གྱིས་སྒྲིག་འཛུགས་བྱས་པའི་ཕྱི་ཕྱོགས་ལ་ལྟ་སྐོར་བྱས་པ་ཞིག་ལས་ཁོང་ལ་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུའི་ཡིད་ཆེས་འཕེལ་བ་རེད། “དེ་དུས་ངའི་ཁྱིམ་གྱི་ཆ་རྐྱེན་ལས་སྐྱོ་བ་དག་གིས་ཀྱང་ཁྱིམ་ཚང་མགྲོན་ཁང་ཡག་པོ་གཉེར་གྱི་ཡོད་པ་མཐོང་བས་ཡིད་ཆེས་འཕེལ་བྱུང”ཞེས་ཁོ་མོས་བཤད།
ན་གཞོན་དུས་ཀྱི་རིག་འཛིན་པད་མ་ནི་ས་གནས་དེ་གར་སྐད་གྲགས་ཡོད་པའི་བུ་མོ་གྱོང་པོ་ཞིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་80པར་ཁོ་མོ་ལས་མི་བྱེད་པར་སོང་ནས་ལས་ཀ་ཏན་ཏན་ཏིག་ཏིག་བྱས་པ་བརྒྱུད་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད། ད་ཆ་རིག་འཛིན་པད་མའི་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་དེ་དེ་སྔའི་འགྲུལ་ཁང་2དང་ཉལ་ཁྲི་5ནས་འགྲུལ་ཁང་4དང་ཉལ་ཁྲི་8བར་མང་དུ་ཕྱིན་ཡོད་ལ། ཞག་སྡོད་བྱེད་ཆོག་པ་ཕུད་རིག་འཛིན་པད་མས་ད་དུང་འགྲུལ་པར་པར་རྒྱག་བྱེད་ཀྱི་བོད་ཆས་ཀྱང་གྲ་སྒྲིག་བྱས་ཡོད།
“མགྲོན་ཁང་བཙུགས་ནས་ལོ་གཅིག་རིང་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་བ་དེ་ལས་མི་བྱེད་པར་འགྲོ་བ་ལས་ལྡབ་ཀྱིས་ཡག་པ་འདུག”ཅེས་རིག་འཛིན་པད་མས་དགོད་འཚེར་འཚེར་ངང་བཤད།
“རིག་གནས་ཀྱི་གར་སྟེགས་བསྐྲུན་ནས་ཐོན་ལས་དར་རྒྱས་གཏོང”ཧུའུ་པེ་ཝུའུ་ཧན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་སྣེ་གདོང་ཆུས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དབྱིན་ཀུང་པོའོ་ཡིས་ཝུའུ་ཧན་བོད་སྐྱོར་ལས་དོན་རུ་ཁག་གིས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཕྱོགས་གཅིག་ནས་གྲོང་གསེབ་དར་རྒྱས་ཀྱི“སྣེ་ཁྲིད་པའི”འཆར་གཞིར་བརྟེན་ནས་ཡུལ་སྐོར་ལས་མི་ཝུའུ་ཧན་དང་ལྷ་ས་སོགས་སུ་སློབ་སྦྱོང་དང་གསོ་སྦྱོང་ལ་བཏང་བ་དང་ཕྱོགས་གཞན་ཞིག་ནས་ཧུའུ་པེའི་ཡུལ་སྐོར་ཁེ་ལས་གདན་དྲངས་ཏེ་ལྷོ་ཁའི་ཡུལ་སྐོར་ལས་རིགས་དང་མཉམ་ལས་བྱས་ཏེ་འགྲུལ་པ་འཁྲིད་པའི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ནས་ཧུའུ་པེའི་ཡུལ་སྐོར་བ་སྣེ་གདོང་དུ་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་བཀུག་ཡོད་ཅེས་བཤད།
“ན་ནིང་ཟླ་9པར་ང་ཚོའི་གྲོང་ཚོ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་གཏན་འཁེལ་བྱས་རྗེས་ཡུལ་མི་སྤུན་ཟླ་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་ཡོང་འབབ་གསོག་པའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ཉི་མ་ཚེ་རིང་གིས་བཤད།
གྲངས་གཞི་ལས་མངོན་གསལ། 2020ལོའི་ཟླ་6པ་ནས་ད་བར། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་སྣེ་ལེན་བྱས་པའི་ཡུལ་སྐོར་བའི་བསྡོམས་འབོར་མི་ཁྲི་2ལས་བརྒལ་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་200བྱུང་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་རིག་གནས་ཡུལ་སྐོར་ལས་ཡོང་འབབ་ཇེ་མང་དུ་སོང་བ།