མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་སྒྲིལ་གླེང་། (བར་ཆ)

----མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་སྒྲིལ་གླེང་། (བར་ཆ)

མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་བརྩིས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་གཅིག་ཡིན་པས་ནང་མི་ཚང་མ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས། མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་འབྱོར་འབྲིང་དང་དེང་རབས་ཅན་མེད་ན་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་འབྱོར་འབྲིང་དང་དེང་རབས་ཅན་ཡོང་མི་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། ‘སྔོ་ཞིང་དྭངས་བའི་རི་ཆུ’དེ‘གསེར་རི་དང་དངུལ་རིར’གྱུར་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་བཏགས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད།

2013ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་རུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་སྐབས“ཏང་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ལྷག་པར་དུ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཡུལ་མི་སྤུན་ཟླ་ཚོར་རྒྱབ་སྐྱོར་དང་རོགས་རམ་དེ་བས་མང་བ་བྱེད་ངེས་ཡིན། ཡུལ་མི་སྤུན་ཟླ་ཚོས་རང་སྟོབས་རང་ཚུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འཕེལ་རྒྱས་ཀྱི་ལམ་བུ་གནད་ལ་འཁེལ་པོས་འཚོལ་བ་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་དབུལ་ཕོངས་ཀྱི་རྣམ་པར་སྔ་ཙམ་འགྱུར་ལྡོག་གཏོང་དགོས”ཞེས་གསུངས་ཡོད།

2013ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་ཁོང་གིས“མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་སྲོག་ཤིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་མི་རིགས་ས་ཁུལ་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དེ་ཡིན། འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་ཞྭ་ཕུད་པའི་སྤྱིའི་བྱེད་ཐབས་ཤིག་ཡིན་པས། དབུལ་ཕོངས་ས་ཁུལ་གྱིས་དོན་དངོས་དང་བསྟུན་པ་དང་ཡུལ་བབ་དང་བསྟུན་ནས་གང་ཞིག་འདེབས་པ་དང་། གང་ཞིག་གསོ་བ། གང་ནས་ཡོང་འབབ་འཕར་བ་བཅས་གསལ་པོ་རྟོགས་པ་བྱས་ཏེ་ཡུལ་མི་ཚོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་བཟང་པོ་ཞིག་འཚོལ་རོགས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2014ལོའི་ཟླ་3ཚེས་4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་ཁོང་གིས“འབྱོར་འབྲིང་ཡིན་མིན་གྱི་འགག་རྩ་དེ་ཡུལ་མི་སྤུན་ཟླར་བལྟ་དགོས། ཡུལ་མི་སྤུན་ཟླར་ལྟ་སྐབས་གྲོང་གསེབ་དང་འབྲོག་ཁུལ་དང་མཐའ་མཚམས་ཀྱི་རྒྱ་ཆེའི་ས་ཁུལ་དུ་ཁྱབ་པའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ལྟེ་བའི་གནད་དོན་ནི་མཐུན་རྐྱེན་ཧུར་ཐག་བསྐྲུན་ཏེ། ཐབས་བརྒྱ་ཇུས་སྟོང་ངང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་བཏང་ནས། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་ནན་བཤད་ཐེངས་མང་བྱས་ཡོད”ཅེས་གསུངས་ཡོད།

2014ལོའི་ཟླ་9ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག“འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་ཐབས་ཤེས་ཨ་མ་དེ་རེད། འགག་རྩ་ནི་འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་བྱ་རྒྱུ་དེ་ཡིན། ‘མང་ཚོགས་བདེ་ལ་འགོད་རྒྱུ་རང་གི་འགན་འཁྲིར་བརྩི། དམངས་ལ་གནོད་པའི་བྱ་བ་གཏན་ནས་བྱ་མི་རུང’ཞེས་པ་ལྟར་དམངས་ཀྱི་འདོད་བློ་དང་མཐུན་པ་དང་དམངས་འཚོར་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་མི་རིགས་ཁག་གི་མང་ཚོགས་ཁག་གཅིག་གིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་མང་ཙམ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

“ཏུའུ་ལུང་རིགས་དང་གྲངས་ཉུང་མི་རིགས་གཞན་དག་ཁག་གཅིག་གི་འཕོ་འགྱུར་ཆེན་པོ་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ར་འཕྲོད་ཐུབ་ཡོད། མདུན་ཕྱོགས་ཀྱི་ལས་འགན་ད་དུང་དཀའ་ཚེགས་ཧ་ཅང་ཆེ་བས་ང་ཚོས་མུ་མཐུད་རང་རྒྱལ་གྱི་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་བྱས་ཏེ་མུ་མཐུད་ལས་ཀ་ཡག་པོ་བྱེད་དགོས་པ་དང་བྱ་བ་ལེགས་པར་སྒྲུབ་དགོས། འབྱོར་འབྲིང་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་རིང་མི་རིགས་གཅིག་ཀྱང་ལུས་མི་རུང”ཞེས་2015ལོའི་ཟླ་1ཚེས་20ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་རྒྱལ་མོ་རྔུལ་ཆུ་ཀྲོའུ་ཀུང་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་དེ་ལྟར་གསུངས་ཡོད།

2015ལོའི་ཟླ་3ཚེས་8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“དབུལ་སྐྱོར་འགག་སྒྲོལ་ལ་དམ་འཛིན་ནན་པོ་དང་གནད་ལ་འཁེལ་བའི་སྒོ་ནས་དམ་འཛིན་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་། ལས་ཡུན་ལྡོག་རྩིས། རྩིས་གསལ་པོ་རྒྱག་པ་བཅས་མཐའ་འཁྱོངས་བྱས་ཏེ་གྲངས་ཉུང་མི་རིགས་གཅིག་དང་ས་ཁུལ་གཅིག་ཀྱང་རྗེས་ལུས་གཏན་ནས་ཐེབས་སུ་འཇུག་མི་རུང”ཞེས་ནན་བཤད་གནང་ཡོད།

“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ང་ཚོས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་འཐབ་ཇུས་ལས་འགན་ཁ་གསལ་བཟོས་པ་དང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཟོས་ཡོད། ངས‘འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རིང་མི་རིགས་གཅིག་ཀྱང་མི་ལུས་པ་བྱེད་དགོས’ཞེས་ནན་བཤད་ཐེངས་མང་བྱེད་མྱོང་ཡོད”ཅེས་དང་། 2015ལོའི་ཟླ་9ཚེས་30ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས། ཁོང་གིས“ཀྲུང་དབྱང་གིས་མི་རིགས་ལས་དོན་དང་དབུལ་སྒྲོལ་ལས་དོན་ལ་མཐོང་ཆེན་དེ་འདྲ་བྱེད་དོན་ནི་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་བརྟན་ལྷིང་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་བས་ལེགས་པའི་སྒོ་ནས་མགྱོགས་སུ་གཏོང་བ། མི་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་དེ་བས་ལེགས་པའི་སྒོ་ནས་གཅིག་སྒྲིལ་བཅས་བྱས་ཏེ། མི་རིགས་ཁག་གིས་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆེད་དུ་རེད”ཅེས་གསུངས་ཡོད།

2016ལོའི་ཟླ་3ཚེས་10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཁོང་གིས“མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ་དང་། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱེད་པ། མི་རིགས་ས་ཁུལ་གྱི་ཐོན་ལས་གྲུབ་ཆའི་རིམ་པ་མཐོ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་ནུས་པ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་དང་དམངས་འཚོ་འཛུགས་སྐྱོང་གི་མ་དངུལ་མི་རིགས་ས་ཁུལ་ལ་ཕྱོགས་ནས་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2016ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས། ཁོང་གིས“2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ས་ཁུལ་དང་མི་རིགས་གང་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ཏེ། བསམ་བློར་བཅིངས་འགྲོལ་དང་། དངོས་འཛིན་དངོས་སྒྲུབ། འབད་འབུངས་མདུན་སྐྱོད་བཅས་སྔར་ལས་ལྷག་པ་བྱས་ཐོག དཔལ་འབྱོར་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པོ། མི་དམངས་ཕྱུག་འགྱུར་བཅས་ཧུར་ཐག་ཡོང་བ་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་གསུངས་ཡོད།

“ཀོང་ཤིས་ནི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་ས་ཁུལ་དབུལ་པོ་ཞིག་རེད་ལ། མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ་ཞིག་ཀྱང་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབས་ཚེ་མཐའ་མཚམས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་ཞིག་འབྱུང་བ་དང་། མཐའ་མཚམས་འཛུགས་སྐྲུན་ཡག་པོ་དང་མི་རིགས་བྱ་གཞག་འཕེལ་རྒྱས་ཕྱིན་ཚེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ཡང་སྐུལ་འདེད་ཆེན་པོ་ཐུབ་པ་ཡིན། ལས་དོན་དེ་དག་ནི་གཞི་གཅིག་ཏུ་བསྡུས་པའི་ནུས་ལྡན་གྱི་ཕུང་བོ་ཞིག་ཡིན་པས་མཉམ་དུ་ཞིབ་འཇུག་དང་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་2017ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས་ནན་བཤད་དེ་ལྟར་གནང་ཡོད།

“ང་ཚོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་དོན་ནི། མི་རིགས་ཁག་གི་མི་དམངས་ཚང་མ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད་ཡིན”ཞེས་དང་། 2018ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས། ཁོང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དཀའ་ཚེགས་ཆེ་ཤོས་དང་ལས་འགན་ལྕི་ཤོས་ནི་ས་ཁུལ་དབུལ་པོ་ཡིན། ལྷག་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་རུང་ངེས་པར་དུ་དེ་ཙམ་གྱིས་ལེགས་སྒྲུབ་བྱེད་དགོས་ལ། འགག་སྒྲོལ་དམག་འཐབ་ཇི་ཙམ་དཀའ་སྡུག་ཆེ་རུང་ངེས་པར་དུ་དེ་ཙམ་གྱིས་རྒྱལ་ཁ་ལེན་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་བུའི་ཐོག་མི་རིགས་དང་ཁྱིམ་ཚང་གཅིག་ཀྱང་བརྗེད་མི་རུང”ཞེས་གསུངས་ཡོད།

2019ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་བ་དང་འབྲེལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་མཛུབ་ཁྲིད་གནང་སྐབས། ཁོང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་མི་རིགས་གཅིག་ཀྱང་ལུས་མི་རུང་། གུང་ཁྲན་ཏང་གིས་བཤད་པ་ཚང་མ་སྒྲུབ་ཐུབ་པ་དགོས་ལ་སྒྲུབ་ཀྱང་ཐུབ་ངེས་རེད”ཅེས་ནན་བཤད་གནང་ཡོད།

2019ལོའི་ཟླ་9ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག “མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩིས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དག་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས”ཞེས་དང་། “ཁྱད་པར་ཅན་གྱི་ས་ཁོངས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤོ་སྒྱུར་གཏོང་སྤྲོད་དང་ཁ་གཏད་རོགས་སྐྱོར་ལམ་སྲོལ་ལེགས་སུ་གཏོང་བ། མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འཆར་འགོད་ལག་བསྟར་ཡག་པོ་བྱེད་པ། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇུས་འགོད་ཡག་པོ་བཅས་བྱས་ཏེ། མི་རིགས་ཁག་གི་མི་དམངས་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་དང་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་གསར་པ་མཉམ་སྤྱོད་བྱེད་དུ་འཇུག་དགོས”ཞེས་གསུངས་ཡོད།

“མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བ་དང་ཡུལ་མི་ཚོའི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་ཤེས་རྗེས་ང་རང་ཧ་ཅང་དགའ་པོ་བྱུང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང”ཞེས་དང་། 2020ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བར་མཛུབ་སྟོན་གལ་ཆེན་གནང་སྐབས། ཁོང་གིས“ཉེ་བའི་ལོ་ཤས་རིང་། གྲངས་ཉུང་མི་རིགས་མང་པོ་ཞིག་སྔ་རྗེས་སུ་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བ་དེ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཡུལ་མི་ཚོས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་པའི་འགོ་འཛུགས་ས་གསར་པར་བརྩིས་ནས་ཡང་འབད་བསྐྱར་འབད་དང་མུ་མཐུད་འབད་འཐབ་བྱས་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་གཏོང་དགོས”ཞེས་གསུངས་ཡོད།

འདི་ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས། ཁོང་གིས“འདི་ལོ་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་རླབས་ཆེན་རྒྱལ་ཁ་བསུ་རྒྱུ་ཡིན། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་། མི་རིགས་ལྔ་བཅུ་ང་དྲུག་ནི་མེ་ཏོག་ལྔ་བཅུ་ང་དྲུག་དང་འདྲ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། དབུལ་སྒྲོལ་ཐུབ་རྗེས་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཡུལ་མི་ཚོས་མུ་མཐུད་འབད་འཐབ་ཧུར་ཐག་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དེ་བས་ལེགས་པ་དང་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་རེ་བ་ཡོད”ཅེས་གསུངས་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།

རིག་གནས་ནི་མི་རིགས་ཤིག་གི་བླ་སྲོག་རེད། རིག་གནས་ཀྱི་མོས་སེམས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་རྒྱག་པར་ཕུགས་དང་རྩ་བ་ནི་རིག་གནས་ཀྱི་མོས་སེམས་ཆེ་རུ་བཏང་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་ཧུར་ཐག་བྱ་རྒྱུ་དེ་རེད། རིག་གནས་ཀྱི་མོས་སེམས་ནི་མོས་སེམས་ཟབ་ཤོས་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། མི་རིགས་འཆམ་མཐུན་གྱི་བླ་སྲོག་བཅས་རེད། རིག་གནས་ཀྱི་མོས་སེམས་གནད་དོན་ཐག་གཅོད་ཐུབ་ཚེ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་འཛིན་པའི་མོས་སེམས་གཞི་ནས་བརྟན་པོ་ཡོང་ཐུབ”ཅེས་གསུངས་ཡོད།

2013ལོའི་ཟླ་10ཚེས་1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་སློབ་མ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་ནང་། “རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་དབུཌ་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་འབད་འཐབ་ལམ་བུ་ནི་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེན་པོ་དང་ཐུན་མོང་མ་ཡིན་པའི་གསར་གཏོད་བྱེད་ནུས་ཀྱི་འབྱུང་ཁུངས་གལ་ཆེན་ཡིན། རང་རྒྱལ་གྱི་མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སློབ་གྲྭས་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་བླ་ན་མེད་པའི་འགན་འཁྲི་ཡག་པོ་ཁུར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལོན་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་ཡོད།

2014ལོའི་ཟླ་5ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག “མི་རིགས་ཁག་གི་མང་ཚོགས་ཁྲོད་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ཐོག མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་འཛིན་པའི་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས། ཀྲུང་ཧྭ་ཡི་རིག་གནས་ལ་འཛིན་པའི་མོས་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་འཛིན་པའི་མོས་སེམས་བཅས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

“མི་རིགས་ཁག་ཚང་མས་ཀྲུང་ཧྭའི་རིག་གནས་གྲུབ་པ་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་ཕུལ་ཡོད་པས། མི་རིགས་ཁག་ཕན་ཚུན་མྱོང་རོལ་དང་ཕན་ཚུན་སློབ་སྦྱོང་བྱེད་དགོས་ལུགས་མི་རིགས་ཁག་གི་མི་དམངས་ལ་ཡང་ནས་ཡང་དུ་བརྗོད་དགོས། རྒྱ་རིགས་ཀྱི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་དང་གཅིག་མཚུངས་སུ་བརྩི་བ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྣང་མེད་དུ་གཏོང་བ། རང་མི་རིགས་ཀྱི་རིག་གནས་དེ་ཀྲུང་ཧྭའི་རིག་གནས་དང་ཐ་དད་དུ་བརྩི་བ། ཀྲུང་ཧྭའི་རིག་གནས་ལ་མོས་སེམས་འཆང་ཤུགས་མི་འདང་བ་བཅས་ཚང་མ་ནི་མི་འགྲིག་པ་ཞིག་ཡིན་པས་ཚང་མས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས”ཞེས་2014ལོའི་ཟླ་9ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་སོ་སོའི་འཇོན་ཐང་མི་གཅིག་པར་གཞིགས་ནས་ལས་དོན་སྒྲུབ་དགོས། ཀྲུང་ཧྭ་མི་རིགས་ནི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་མི་ཉམས་གོང་འཕེལ་བྱུང་དོན་གང་ཡིན་ནམ། རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི་ང་ཚོར་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དང་། གཅིག་རྒྱུན་གཅིག་འཛིན་གྱི་རིན་ཐང་དོན་གཉེར་བསམ་པ་ཡོད་པས་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡོད་པར་བརྟེན། ངེས་པར་དུ་སྤྱི་ཚོགས་ཡོངས་དང་མི་རིགས་ཁག་གི་ཁྲོད་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་དགོས། བརྒྱུད་རིམ་དེའི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྲོད་ནས་སྙིང་བཅུད་ལེན་པར་སྣང་ཆེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

གཞོན་ནུ་ལོ་ཆུང་གི་དུས་སྐབས་ནི་རིན་ཐང་གི་ལྟ་བ་དང་། མི་ཚེའི་ལྟ་བ། མེས་རྒྱལ་གྱི་ལྟ་བ། མི་རིགས་ཀྱི་ལྟ་བ་བཅས་གྲུབ་པའི་འགག་རྩའི་དུས་སྐབས་ཡིན། “སློབ་གསོ་ནི་ཁྲག་རྒྱུན་ནང་སིམ་པ་དང་སེམས་ལ་འཇགས་པ་ཞིག་ཡིན་དགོས་པས། ངེས་པར་དུ་ཆུང་དུས་ནས་དམ་འཛིན་དང་བུ་བཅོལ་ཁང་ནས་དམ་འཛིན་བྱེད་དགོས”

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཚན་འདིར་དམ་འཛིན་ཡག་པོ་བྱས་ཏེ་ང་ཡི་ཀྲུང་ཧྭ་ལ་དགའ་བའི་ས་བོན་དེ་ཕྲུ་གུ་ཚང་མའི་སེམས་གཏིང་དུ་བཏབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མེས་རྒྱལ་གྱི་མི་རབས་རྗེས་མའི་སེམས་གཏིང་དུ་རྩ་བ་ཚུགས་ནས་རྒྱས་པར་བྱེད་དགོས། མི་རིགས་ཁག་ཚང་མས་ཕྲུ་གུ་ཚོར་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མིའི་འདུ་ཤེས་འཛུགས་དགོས་པའི་ཁྲིད་སྟོན་བྱེད་དགོས་པ་ལས་ཕྲུ་གུ་ཚོར་རང་ཉིད་མི་རིགས་གང་ཞིག་ཡིན་པ་དེ་ཁོ་ན་ཤེས་སུ་འཇུག་མི་རུང་། དང་ཐོག་མར་རང་ཉིད་ཀྲུང་ཧྭ་མི་རིགས་ཡིན་པ་ཤེས་སུ་འཇུག་དགོས། དེ་ནི་ཟླ་བ་དང་སྐར་མ་ལྟ་བུའི་འབྲེལ་བ་རེད། ལས་དོན་འདི་ངེས་པར་དུ་རྔ་རྡུང་དར་འཕྱར་གྱིས་སྒྲུབ་དགོས་པ་དང་རྒྱུན་སྲིང་ལྷོད་མེད་ཀྱིས་སྒྲུབ་དགོས”ཞེས་གསུངས་ཡོད།

2015ལོའི་ཟླ་8ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག “སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཚན་ནང་བཅུག་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་སྟེ། ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

“དུས་རབས་གསར་པའི་ཆ་རྐྱེན་འོག་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར། ངེས་པར་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་དེ་ཤུགས་རྒྱག་ས་དང་དོན་ལ་བབས་ས་གལ་ཆེན་ལ་བརྩི་དགོས”ཞེས་དང་། 2015ལོའི་ཟླ་12ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་དགུ་པ་གཙོ་སྐྱོང་གནང་སྐབས། ཁོང་གིས“རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་ཆབ་སྲིད་ཀྱི་རྣམ་པ་སྲུང་སྐྱོང་བྱེད་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བའི་ལྐོག་ཇུས་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་གཏམ་སྤྱོད་ལ་དར་ཆ་གསལ་སྟོན་གྱིས་ངོ་རྒོལ་བཅས་བྱས་ནས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས”ཞེས་གསུངས་ཡོད།

2018ལོའི་ཟླ་3ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཁོང་གིས“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡོད་པས། ངེས་པར་དུ་མི་རིགས་ཁག་གི་ཁྲོད་དུ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཆུང་དུས་ནས་དམ་འཛིན་དང་བུ་བཅོལ་ཁང་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཁྲོད་ནས་སྙིང་བཅུད་ལེན་པར་དོ་སྣང་བྱེད་པ། གཞི་རྟེན་དང་བྱེད་སྟངས་གསར་གཏོད་དང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཆེ་རུ་གཏོང་བ། མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་བསམ་པའི་སྦྲེལ་ཐག་བརྟན་པོ་ཆགས་པར་བྱེད་པ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཁྲོད་ཀྱི་ཁེ་ཕན་གྱི་འགལ་བ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱེད་པ་བཅས་བྱས་ནས་མེས་རྒྱལ་བྱང་རྒྱུད་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་ཡོལ་འཛུགས་སྐྲུན་སྔར་བས་བརྟན་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

ཀྲུང་ཧྭའི་ཤེས་དཔལ་ནི་གཅིག་མཐུན་སྣ་མང་གི་མི་རིགས་མང་པོའི་རིག་གནས་ཀྱི་ཞིང་ས་གཤིན་པོར་རྩ་བ་ཚུགས་ལ་ལོ་རྒྱུས་ཡུན་རིང་ལྡན་པས། འཛམ་གླིང་ཐོག་རྒྱུན་རྩ་བ་ནས་ཆད་མེད་པ་དང་ད་བར་འཕེལ་རྒྱས་བྱུང་བའི་ཤེས་དཔལ་འབའ་ཞིག་དེ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭའི་རིག་གནས་ངོ་མཚར་ཆེ་ཞིང་གཏིང་ཟབ་པོ་འདི་ལྟར་བྱུང་དོན་ནི་དེར་མཉམ་སྡུད་མཉམ་གསོག་བྱས་པའི་བསྟུན་མཁས་ཀྱི་ཁྱད་ཆོས་ལྡན་པས་ཡིན”ཞེས་དང་། “མི་རིགས་ཁག་གི་རིག་གནས་ཕན་ཚུན་འོད་མདངས་འཕྲོ་བ་དང་ཀྲུང་ཧྭའི་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དེ་ནི་ད་ཆ་ང་ཚོའི་རིག་གནས་ཀྱི་གདེང་ཚོད་ཆེན་པོའི་འབྱུང་རྩ་རེད”ཅེས་གསུངས་ཡོད།

2019ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་རྟོག་ཞིབ་དང་མཛུབ་ཁྲིད་གནང་སྐབས། ཁོང་གིས“གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་བྱས་ཏེ། 《གླིང་སྒྲུང》སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་འདེགས་སྐྱོར་གྱིས་རྒྱུན་འཛིན་པ་གསོ་སྐྱོང་ཡག་པོ་བྱས་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཡག་པོ་བྱེད་དགོས། མི་རྣམས་ལ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། རྒྱལ་ཁབ་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་དགོས་པའི་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་འཛིན་པའི་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་འཛིན་པའི་མོས་སེམས་བཅས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

2019ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། ཁོང་གིས“རྒྱལ་ཁབ་ཀྱི་སྙིང་བཅུད་རྒྱུན་འཛིན་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས”ཞེས་གསུངས་ཡོད།

“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས”ཞེས་དང་། 2019ལོའི་ཟླ་9ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག “མི་རིགས་ཁག་གིས་རིག་གནས་ཐད་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུ་དེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་ངོས་ནས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”ཅེས་ནན་བཤད་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་ཉིད་སྣེ་ཁྲིད་དུ་བྱས་ཏེ་མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་གཟུགས་བརྙན་འཛུགས་པ་དང་མངོན་གསལ་དོད་དུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་འཛིན་པའི་མོས་སེམས་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་རིགས་ས་ཁུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་ཡག་པོ་གཉེར་དགོས་པ་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས”ཞེས་གསུངས་ཡོད།

2020ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་རྣམ་པར་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་དེ་ཤིན་ཅང་གི་ལས་བྱེད་པའི་སློབ་གསོ་དང་། གཞོན་ནུ་ལོ་ཆུང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ཀྱི་ནང་བཅུག་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སེམས་སུ་གཏིང་ཟབ་ཟུག་པ་བྱེད་དགོས”ཞེས་གསུངས་ཡོད།

འདི་ལོའི་ཟླ་3ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ཁོང་གིས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་སློབ་གཞི་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་གཏིང་ཟབ་སྤེལ་བ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་སློབ་གསོ་ནས་དམ་འཛིན་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ནོར་འཁྲུལ་གྱི་བསམ་བློའི་ལྟ་བ་སྣ་ཚོགས་ལ་ངོ་རྒོལ་བྱས་ནས‘མཛེས་སྡུག་ལྡན་པའི་ནང་སོག་འཛུགས་སྐྲུན་གྱིས། ཐུན་མོང་ཐོག་ཀྲུང་གོའི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་པའི’མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས”ཞེས་ནན་བཤད་གནང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།