མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་སྒྲིལ་གླེང་། (སྟོད་ཆ)

—— མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་སྒྲིལ་གླེང་། (སྟོད་ཆ)

“མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་ཚུགས་པ་དང་བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ། ཕྱར་བ་གྲུ་འདེགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་བྱས་ཚེ་ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”ཅེས་འདི་ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་དེ་ལྟར་གསུངས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་སྟེ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ས་ཁུལ་དུ་བརྟག་ཞིབ་ཐེངས་མང་གནང་བ་དང་། མི་རིགས་ཁག་གི་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་ཐེངས་མང་གནང་ཡོད། གངས་ལྗོངས་ས་མཐོ་དང་། ཐེན་ཧྲན་རི་བོའི་ལྷོ་བྱང་། མེས་རྒྱལ་གྱི་བྱང་རྒྱུད། ལྷོ་ནུབ་མཐའ་མཚམས་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་བརྟན་པོ་བཞག་གནང་བ་དང་ཐུགས་ཁུར་ཟབ་མོ་བཅངས་གནང་ཡོད།

གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་ནི་དུས་བབ་གསར་པའི་འོག་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་བཅས་ཀྱི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན།

ང་ཚོའི་རླབས་ཆེན་མེས་རྒྱལ་ནི་མངའ་ཁོངས་རྒྱ་ཆེ་བ་དང་ཤེས་དཔལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པ། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ནི་མེས་པོ་ཚོས་ང་ཚོར་བཞག་པའི་ཕུན་སུམ་ཚོགས་པའི་ཤུལ་བཞག་ཡིན་ལ། རང་རྒྱལ་འཕེལ་རྒྱས་གཏོང་བའི་ལེགས་ཆ་ཧ་ཅང་ཆེན་པོ་ཞིག་ཀྱང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་མི་རིགས་ལྔ་བཅུ་ང་དྲུག་ནི་ལོ་རྒྱུས་ཁྲོད་གྲུབ་པ་ཞིག་ཡིན་པ་ལས། མིའི་འདོད་བློ་ལྟར་འགྱུར་ལྡོག་འགྲོ་བ་ཞིག་མིན། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ལ་མི་གྲངས་དུང་ཕྱུར་གཅིག་ལྷག་ཙམ་ཡོད་ཅིང་། མི་རིགས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་ཞིག་ཡིན། མི་རིགས་མང་བ་དང་རིག་གནས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། རང་རྒྱལ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན། ང་ཚོའི་རླབས་ཆེན་མེས་རྒྱལ་ནི་མི་རིགས་ལྔ་བཅུ་ང་དྲུག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ཡང་མི་རིགས་ལྔ་བཅུ་ང་དྲུག་ལ་བརྟེན་ནས་ཐུན་མོང་ཐོག་གསར་གཏོད་བྱེད་དགོས་པ་ཞིག་ཡིན”ཞེས་གསུངས་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་བསུས་ཡོད། དུས་མཚུངས་སུ་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ་ང་ཚོས་དེ་བས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཀྲུང་གོ་འཕེལ་རྒྱས་ཀྱི་འཁོར་ལོ་ཆེན་པོ་རྒྱལ་ཁའི་ངང་མདུན་ཕྱོགས་སུ་འཁོར་ཐུབ་པའི་འགན་ལེན་བྱེད་དགོས།

2013ལོའི་ཟླ་3ཚེས་17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག“ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། དེ་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་སྟོབས་ཤུགས་ཡིན། ཀྲུང་གོའི་ཕུགས་འདུན་ནི་མི་རིགས་ཀྱི་ཕུགས་འདུན་རེད་ལ་ཀྲུང་གོ་བ་ཚང་མའི་ཕུགས་འདུན་ཡང་རེད། ང་ཚོས་མཐུན་སྒྲིལ་དམ་ཟབ་དང་ཀུན་སེམས་གཅིག་སྒྲིལ་གྱིས་ཐུན་མོང་གི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱས་ཚེ། ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་འགྲན་ཟླ་བྲལ་ཞིང་། ང་ཚོ་ཚང་མས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་པར་བར་མཐོངས་ཡངས་པོ་ཞིག་ལྡན་ཡོད”ཅེས་དང“རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ངེས་པར་དུ་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས། བསམ་བློ་གཅིག་ལ་གཏོང་བ་དང་ཤུགས་གཅིག་ལ་བརྒྱབ་སྟེ། མི་དུང་ཕྱུར་13གྱི་བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས”ཞེས་གསུངས་ཡོད།

2014ལོའི་ཟླ་3ཚེས་4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས། “རྒྱལ་ཁབ་ཀྱི་གཅིག་གྱུར་དང་། མི་དམངས་ཀྱི་མཐུན་སྒྲིལ། རྒྱལ་ནང་མི་རིགས་ཁག་གི་མཐུན་སྒྲིལ་བཅས་ནི་ང་ཚོའི་བྱ་གཞག་ལ་རྒྱལ་ཁ་འཐོབ་ངེས་ཀྱི་གཞི་རྩའི་འགན་ལེན་རེད། མི་རིགས་དབར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པའི་ཆེས་རྩ་བ་ནི་མི་རིགས་འདྲ་མཉམ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཕན་ཚུན་རོགས་རེས་ལ་སྐུལ་འདེད། མི་རིགས་འཆམ་མཐུན་ལ་སྐུལ་འདེད་གཏོང་དགོས། ང་ཚོས་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ། རྒྱ་རིགས་དང་གྲངས་ཉུང་མི་རིགས་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཡང་ཕན་ཚུན་ཁ་འབྲལ་ཐབས་མེད་པ་བཅས་ཀྱི་བསམ་བློ་དང་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས”ཞེས་ནན་བཤད་གནང་ཡོད།

2014ལོའི་ཟླ་9ཚེས་28ཉིན། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་རེད་ལ་རང་རྒྱལ་འཕེལ་རྒྱས་ཀྱི་མཐུན་རྐྱེན་ཆེན་པོ་ཞིག་ཀྱང་རེད། རང་རྒྱལ་གྱི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་མི་རིགས་མང་པོ་ཞིག་ལོ་རྒྱུས་ཀྱི་གར་སྟེགས་ཐོག་འཛེག་མྱོང་ཡོད། མི་རིགས་འདི་དག་བྱུང་འཕེལ་དང་། ཁ་ཐོར། མཉམ་འདྲེས་བཅས་བྱས་མཐར་ད་ལྟའི་མི་རིགས་ལྔ་བཅུ་ང་དྲུག་གྲུབ་ཡོད། མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་གསར་སྤེལ་བྱས་པ་དང་། ཐུན་མོང་ཐོག་ཀྲུང་གོའི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱས་ཡོད། ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་ཀྱི་བརྗིད་ཉམས་དང་། ཐང་རྒྱལ་རབས་ཀྱི་དར་རྒྱས་ཀྱི་རྣམ་པ། ཁང་ཤིས་དང་ཆན་ལུང་གི་དར་རྒྱས་ཆེ་བའི་དུས་སྐབས་བཅས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤིག་རེད”ཅེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་བཀོད་པ་གླེང་གི་ཡོད། གཞི་གཅིག་ལ་སྣ་མང་འདུས་པ་དང་སྣ་མང་ལས་གཞི་གཅིག་གྲུབ་པས། གཞི་གཅིག་སྣ་མང་དང་ཁ་འབྲལ་ཐབས་མེད་ལ། སྣ་མང་གཞི་གཅིག་དང་ཡང་ཁ་འབྲལ་ཐབས་མེད། གཞི་གཅིག་ནི་གཙོ་རྐང་དང་ཁ་ཕྱོགས་དང་། སྣ་མང་ནི་རྒྱུ་རྐྱེན་གཙོ་བོ་དང་སྒུལ་ཤུགས་རེད། དེ་གཉིས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་རེད། ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་དབར་གྱི་འབྲེལ་བ་གཟུགས་སུ་བཀོད་ནས་བརྗོད་ན། ཁྱིམ་ཚང་ཆེན་པོ་ཞིག་དང་ཁྱིམ་ཚང་གི་ཁོངས་མིའི་དབར་གྱི་འབྲེལ་བ་ཡིན་པ་དང་། མི་རིགས་ཁག་དབར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་ཞིག་གི་ཁོངས་མི་མི་འདྲ་བའི་དབར་གྱི་འབྲེལ་བ་རེད”ཅེས་ནན་བཤད་གནང་ཡོད།

2015ལོའི་ཟླ་9ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས། “ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་མི་རིགས་ཁག་ཚང་མའི་ཕུགས་འདུན་རེད་ལ་ང་ཚོ་མི་རིགས་ཁག་རང་ཉིད་ཀྱི་ཕུགས་འདུན་ཡང་རེད། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་མི་དམངས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པའི་ཕྱོགས་སུ་སྐྱོད་བཞིན་ཡོད། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད”ཅེས་གསུངས་ཡོད།

མཐུན་སྒྲིལ་ནི་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་དང་མི་སེམས་གཅིག་སྒྲིལ་དང་རླབས་ཆེན་བྱ་གཞག་ལེགས་གྲུབ་ཡོང་བའི་འགན་ལེན་གལ་ཆེན་ཞིག་རེད།

“ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཆེད་དུ་འབད་འཐབ་བྱེད་རིང་། ང་ཚོས་ངེས་པར་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག དེ་བཞིན་ཕྱོགས་ཁག་བཅས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། གཅིག་གྱུར་དང་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཁ་ཕྲལ་བྱེད་སྤྱོད་མཐའ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས” 2016ལོའི་ཟླ་10ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག “ང་ཚོས་མི་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་ངར་བསླངས་ཏེ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་བྱུང་བའི་སྟོབས་ཤུགས་ཆེན་པོ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས”ཞེས་གསུངས་ཡོད།

2018ལོའི་ཟླ་3ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། “རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་རྩ་བ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་ཐུག་ཡོད། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་སྒྲེང་བ་དང་ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་ལེན་བསྟར་ནས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྩ་བ་ཇི་ཙམ་བཙུགས་པ་དེ་ཙམ་གྱིས་གཏིང་ཟབ་པ་དང་ལག་ལེན་གྱི་རྨང་གཞི་ཇི་ཙམ་བཏིང་བ་དེ་ཙམ་གྱིས་བརྟན་དུ་འགྲོ་བར་བྱེད་དགོས”ཞེས་གསུངས་པ་རེད།

“ཀྲུང་གོའི་མི་དམངས་ནི་མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་ཆེན་ལྡན་པའི་མི་དམངས་རེད” 2018ལོའི་ཟླ་3ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག “དེ་རིང་ཀྲུང་གོར་ཐོབ་པའི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་བློ་ཁ་གཅིག་མཐུན་གྱིས་འབད་བརྩོན་བྱས་པའི་འབྲས་བུ་དེ་བས་རེད། མཐུན་སྒྲིལ་ནི་སྟོབས་ཤུགས་རེད། མཐུན་སྒྲིལ་བྱས་ན་གཞི་ནས་མདུན་དུ་སྐྱོད་ཐུབ། ཁ་ཐོར་དགུ་ཐོར་གྱི་རྒྱལ་ཁབ་ཅིག་འཕེལ་རྒྱས་དང་ཡར་ཐོན་ཡོང་མི་སྲིད་པ་ཀྲུང་གོའི་མི་དམངས་ཀྱིས་མྱོང་བ་དངོས་ཀྱི་ཁྲོད་ནས་ངོས་འཛིན་གཏིང་ཟབ་བྱུང་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་གྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་གྱི་སྙིང་སྟོབས་རླབས་ཆེན་འདི་ལྟ་བུ་དར་སྤེལ་བཏང་ཚེ། ང་ཚོར་ཞུམ་མེད་མདུན་སྐྱོད་དང་ཟླ་མེད་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པ་ནི་མི་ཚང་མར་དབང་བ་དང་། མི་ཚང་མ་ནི་དུས་རབས་གསར་པའི་དཔང་པོ་བྱེད་མཁན་དང་། གསར་གཏོད་བྱེད་མཁན། འཛུགས་སྐྲུན་བྱེད་མཁན་བཅས་རེད། ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱས་ཚེ། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གོམ་སྟབས་འགོག་མི་ཐུབ”ཅེས་ནན་བཤད་གནང་ཡོད།

2019ལོའི་ཟླ་9ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག “མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་ནི། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ངེས་ཡིན་པའི་རྩ་བའི་འགན་ལེན་རེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ཏེ་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས། ང་ཚོས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་བསྟུན་མཁས་རང་བཞིན་དེ་བས་ཆེ་བ་དང་གོང་བུ་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས”ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་མི་རིགས་ཁག་གིས་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ཀྱིས་མཉམ་དུ་འབད་འཐབ་ཧུར་ཐག་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

འདི་ལོའི་ཟླ་4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས། “མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་གནས་ས་དང་། སྟོབས་ཤུགས་གནས་ས། རེ་བ་གནས་ས་བཅས་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མི་རིགས་གཅིག་ཀྱང་མི་ཆད་པ་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་སེམས་དང་ལག་གདང་སྦྲེལ་བ་དང་མཐུན་སྒྲིལ་འབད་འབུངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ། མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱེད་དགོས”ཞེས་གསུངས་ཡོད།

“ཡུལ་མི་སྤུན་ཟླ་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ་མཐོང་སྐབས་ང་བློ་བདེ་པོ་བྱུང་། ང་ཚོས་མུ་མཐུད་འབད་འཐབ་བྱེད་དགོས། དེ་ལྟར་བྱས་ན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་ཀྲུང་ཧྭ་མི་རིགས་སྔར་བས་སྟོབས་དང་ལྡན་པའི་སྒོ་ནས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་གནས་ཐུབ་ངེས་རེད” འདི་ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རིང་མི་རིགས་གཅིག་ཀྱང་ཆད་མི་རུང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོར་ཚང་མ་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཕན་ཚུན་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ཚེ། གཞི་ནས་མི་རིགས་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་ཡོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཞི་ནས་མ་ཉམས་གོང་འཕེལ་ཡོང་ཐུབ”ཅེས་ནན་བཤད་གནང་ཡོད།

ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས།

ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་མི་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་མི་རིགས་ཁག་གོང་བུ་གཅིག་སྒྲིལ་དང་། མི་རིགས་ཁག་འཕེལ་རྒྱས། མི་རིགས་ཁག་དར་རྒྱས་བཅས་གཏོང་མི་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་མཐའ་འཁྱོངས་བསྐྱོད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་དང་དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱས་ནས་ལས་དོན་ཁག་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད།

2014ལོའི་ཟླ་3ཚེས་4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས། “རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས་མི་རིགས་ཀྱི་ལས་དོན་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་ནི་དུས་བབ་གསར་པའི་འོག་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་སྟངས་འཛིན་ནན་པོ་བྱེད་དགོས་པའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རེད། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་འཛིན་པའི་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས། ཀྲུང་ཧྭའི་རིག་གནས་ལ་འཛིན་པའི་མོས་སེམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་འཛིན་པའི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་བཅས་ལ་སྲུང་སྐྱོང་དེ་བས་ཡག་པོ་བྱེད་དགོས”ཞེས་གསུངས་ཡོད།

2014ལོའི་ཟླ་5ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག“ཤིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་དོན་ཆེན་ཡིན་པས། ངེས་པར་དུ་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གཏོད་པ། ཡུན་རིང་བཅོས་སྐྱོང་གི་བྱ་གཞག་སྒྲུབ་པ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་ཤིན་ཅང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། ཤིན་ཅང་གི་སྒྱུར་བཅོས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་གཏོང་། མཐའ་སྲུང་སྲ་བརྟན་བཅས་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རང་རེའི་ཏང་གི་ཤིན་སྐྱོང་མཛད་ཇུས་ནི་ཡང་དག་པ་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་ལག་ལེན་དངོས་ལས་ར་འཕྲོད་ཐུབ་ཡོད”ཅེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་སྲིད་ཇུས་མཐའ་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྤེལ་ཏེ། སྟབས་བདེ་ཅན་དང་ཕྱོགས་རེ་ཅན་མཐའ་གཅིག་ཏུ་ཁྱད་བསད་དང་སྔོན་འགོག་བྱེད་དགོས་པ་དང་། སྐབས་རེར་གཡོན་དང་སྐབས་རེར་གཡས་དང་བློ་རྩ་བརྟན་པོ་མེད་པ་མཐའ་གཅིག་ཏུ་ཁྱད་བསད་དང་སྔོན་འགོག་བྱེད་དགོས། དུས་བབ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འཐུས་སྒོ་ཚང་དུ་གཏོང་དགོས་རིགས་འཐུས་སྒོ་ཚང་དུ་གཏོང་ཆོག་པ་དང་། སྒྱུར་བཅོས་བྱེད་དགོས་རིགས་སྒྱུར་བཅོས་བྱེད་ཆོག འོན་ཀྱང་རྩ་བའི་ལངས་ཕྱོགས་ཐད་གཡོ་འགུལ་རྩ་བ་ནས་གཏོང་མི་རུང”ཞེས་ནན་བཤད་གནང་ཡོད།

2014ལོའི་ཟླ་9ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག “མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་མིན་གྱི་ཆེས་རྩ་བ་ནི་ཏང་གི་འགོ་ཁྲིད་ཞུམ་མེད་སྟོབས་ལྡན་ཡིན་མིན་ལ་ཐུག་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་རིགས་ཀྱི་ལས་དོན་ལེགས་གྲུབ་ཡོང་བའི་རྩ་བའི་འགན་ལེན་རེད་ལ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་རྩ་བའི་འགན་ལེན་ཡང་རེད། ཞུམ་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་འགོ་ཁྲིད་མེད་ན་མི་རིགས་མང་བའི་རྒྱལ་ཁབ་ཅིག་མཐུན་སྒྲིལ་གཅིག་གྱུར་ཡོང་བ་ནི་བསམ་མི་ཕོད་པ་ཞིག་རེད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བརྟན་པོ་བྱས་ན་ཆབ་སྲིད་ཀྱི་ཕྱོགས་གཏོགས་དང་མི་གང་རུང་ཞིག་གིས་ཀྱང་ང་ཚོའི་མི་རིགས་འབྲེལ་བར་དཀྲུག་ཤིང་རྒྱག་མི་ཐུབ། ང་ཚོའི་མི་རིགས་མཐུན་སྒྲིལ་གཅིག་གྱུར་ལ་ཆབ་སྲིད་ཀྱི་ཐད་ནས་འགན་ལེན་གང་ལེགས་བྱེད་ཐུབ། དོན་འདི་མི་རིགས་ཁག་གི་བློ་མཐུན་ཚང་མས་བློ་ལ་བརྟན་པོར་ངེས་དགོས”ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“‘ཐག་པ་ཕྲ་ས་ནས་ཆད་སླ’ ཏང་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ལ་བཞག་པའི་ཆེས་ཐད་ཀའི་བག་ཆགས་ནི་ཉེ་འགྲམ་གྱི་ཏང་ཡོན་དང་ལས་བྱེད་པ་དང་རྒྱུན་དུ་འབྲེལ་འདྲིས་ཆེ་བའི་གཞི་རིམ་རྩ་འཛུགས་དང་གཞི་རིམ་སྲིད་དབང་ནས་ཡོང་གི་ཡོད། མི་རིགས་ས་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ཏེ་དེ་ཉིད་ཡུལ་ཕྱོགས་གཅིག་འབྱོར་ཕྱུག་དང་། ཡུལ་ཕྱོགས་གཅིག་མཐུན་སྒྲིལ། ཡུལ་ཕྱོགས་གཅིག་བརྟན་ལྷིང་བཅས་ཡོང་བའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བ་དང་། ཏང་ཡོན་ཚང་མ་མཐུན་སྒྲིལ་བརྟན་ལྷིང་ལ་སྲུང་སྐྱོང་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་དར་ཆ་ཞིག་ཏུ་འགྱུར་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2015ལོའི་ཟླ་8ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག “བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་ཡག་པོ་བྱས་ནས་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་མཐོར་ལས་ཀ་བྱེད་པར་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། དུས་ཡུན་རིང་པོའི་ནང་། གུང་ཁྲན་ཏང་ཡོན་མི་རབས་མང་པོས་མི་དཀྱུས་མར་དབང་བ་དང་མི་དཀྱུས་མས་ལོངས་སྤྱོད་ཐུབ་པ་མཐའ་དག་བློས་བཏང་ནས་གངས་ལྗོངས་ས་མཐོར་གཞི་ཚུགས་ཏེ་བློ་རྩ་བརྟན་པོས་དཀའ་སྤྱད་འབད་འཐབ་བྱས་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’ལ་དུས་རབས་ཀྱི་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་དགོས”ཞེས་ནན་བཤད་གནང་ཡོད།

2017ལོའི་ཟླ་10ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

2019ལོའི་ཟླ་9ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག “དུས་བབ་གསར་པའི་འོག་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གིས་མི་རིགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་མི་རིགས་ཀྱི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ། མི་རིགས་ཀྱི་ལས་དོན་ལ་རྒྱུས་མངའ་ཡོད་མེད་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྒྲུབ་ཐུབ་མིན་འགོ་ཁྲིད་ལས་བྱེད་པར་རྟོག་ཞིབ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩི་དགོས། མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དངོས་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་སྐད་ཆའི་མ་ལག་གསར་གཏོད་བྱས་ཏེ་རྒྱལ་སྤྱིའི་ཐོག་གི་ཤུགས་རྐྱེན་ཐེབས་ཤུགས་དང་བློ་སེམས་འགུགས་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། དམངས་གཙོའི་ཏང་ཤོག མི་དམངས་ཚོགས་པ་བཅས་ཀྱིས་མཉམ་དུ་མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་དགོས། མི་རིགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་རིགས་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གདམ་གསེས་ཤུགས་ཆེན་བྱས་ནས་མི་རིགས་ལས་དོན་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་དེ་བས་ལེགས་པ་བྱེད་པར་རྒྱབ་སྐྱོར་བྱེད་དགོས”ཞེས་གསུངས་ཡོད།

2019ལོའི་ཟླ་9ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག “རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་བརྟན་དུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན། ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག དེ་བཞིན་ཕྱོགས་ཁག་བཅས་ཀྱི་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གྲུ་གཟིངས་རླུང་བརྟེན་རླབས་གཤག་གིས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

2020ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས“ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་འགོ་ཁྲིད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་འཕྲེད་ཀྱི་མཐའ་ཟིན་པ་དང་གཞུང་གི་མཐིལ་ཐུག་པ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་ཡུན་རིང་སྤེལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སོགས་ཀྱི་འཆར་འགོད་ལག་བསྟར་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས”ཞེས་གསུངས་ཡོད།

འདི་ལོའི་ཟླ་3ཚེས་7ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་དཀའ་གནད་སེལ་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་དང་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས”ཞེས་གསུངས་ཡོད།

“ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཡིན་པ་དང་དེ་ག་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་ཡིན། འདི་ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་རྟོག་ཞིབ་གནང་སྐབས“ཡུལ་མི་ཚོ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད་ལ། ཁྱེད་ཚོ་རང་ཉིད་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བཏོད་པ་ཞིག་ཀྱང་རེད། བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།