ཟླ1པོ་ནས་ཟླ7པའི་བར་བོད་ལྗོངས་ཀྱི་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི3.2གསར་སྣོན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་ལ། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ལས་ཞུགས་བྱ་བ་མགོ་ལེགས་པོ་བརྩམས་པ་དང་། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ལས་ཞུགས་ཆ་འཕྲིན་ཅན་གྱི་རིག་ནུས་སྟེགས་བུ་གཞི་རྩའི་ཆ་ནས་བཙུགས་པ་དང་། ཤང་གྲོང་གི་སྤྱི་བའི་ལས་ཞུགས་ཞབས་ཞུ་ནུས་པ་ཅུང་མཐོར་འདེགས་སུ་སོང་ལ། མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ཕྱོགས་མང་གཞི་གཅིག་གི་ལས་ཞུགས་རྣམ་པ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་ཀྱི་རྩ་འཛུགས་ཅན་གྱི་ཆུ་ཚད་ཉིན་བཞིན་མཐོར་འདེགས་དང་། ལྗོངས་ཕྱི་ནང་གི་ལས་ཞུགས་ཆ་འཕྲིན་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ། ཤང་གྲོང་ངལ་རྩོལ་པའི་ནུས་རྩལ་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་ལས་ཞུགས་བྱ་བའི་ཁྲོད་ཀྱི་ཐོབ་སྣང་སྔར་བས་ཇེ་ཆེར་སོང་བ། ལས་ཞུགས་ལས་སྐྲུན་གྱི་ལོ་ཧྲིལ་བོའི་བྱ་བའི་དམིགས་ཚད་དེ་སྔོན་དཔག་ལས་ཇེ་མཐོར་སོང་བ་བཅས་མངོན་འགྱུར་བྱས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ7པའི་བར། ལྗོངས་ཡོངས་ཀྱི་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི3.2གསར་སྣོན་བྱུང་བ་དང་དུས་མཉམ་ལས་མི་ཁྲི0.3ཇེ་མང་དུ་སོང་ལ། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི64%ལེགས་འགྲུབ་བྱས་ཡོད། མཁར་གྲོང་གི་ལས་ཤོར་མི་སྣས་མི་ཁྲི0.89ཡི་ལས་ཞུགས་མངོན་འགྱུར་བྱས་ཤིང་། མཁར་གྲོང་གི་ལས་ཞུགས་དཀའ་ངལ་མི་སྣས་མི་ཁྲི0.27ཡི་ལས་ཞུགས་མངོན་འགྱུར་བྱས་པ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད3.0%མན་དུ་ཚོད་འཛིན་བྱས་ཏེ་རྒྱལ་ཡོངས་ཀྱི་ཆེས་དམའ་བའི་ཆུ་ཚད་རྒྱུན་སྐྱོང་བྱས་ཡོད། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཁྲི55.4སྤོ་བསྒྱུར་བྱས་ཏེ་རྩོལ་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར46.1བསྐྲུན་པ་དང་། དེས་སོ་སོར་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི83%དང116%ལེགས་འགྲུབ་བྱས། ལྗོངས་ཕྱི་ལ་སྤོ་བསྒྱུར་བྱས་པའི་རོང་འབྲོག་པ་མི5201ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་རོང་འབྲོག་པ་སྤོ་བསྒྱུར་ལས་ཞུགས་རྟེན་གཞི52ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཞིབ་བཤེར་ཐོབ་པ་ལ་རྟེན་གཞི་འཛུགས་སྐྲུན་གྱི་ཁ་གསབ་སྟེར་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།