ཟླ6པའི་ཟླ་མཇུག་བར་དུ་བོད་ལྗོངས་སུ་བསྡོམས་པས་ཞིང་བར་རོགས་སྐྱོར་གྱི་དངུལ་ལེན་ཞབས་ཞུ་ས་ཚིགས5649ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ས་ཁོངས་རྒྱ་ཆེ་ལ་རོང་འབྲོག་དམངས་ཁ་ཐོར་དུ་འཚོ་སྡོད་བྱེད་བཞིན་ཡོད་པས། དངུལ་ཁང་ལས་ཁུངས་ཀྱིས་ཞིང་སྡེའི་ས་ཁུལ་དུ་དངུལ་ཁང་ལས་སྒྲུབ་ས་ཚིགས་འཛུགས་པར་མ་རྩ་ཅུང་མཐོ་བ་དང་། གཞི་རིམ་དུ་རྒྱ་བསྐྱེད་པའི་ནུས་ཤུགས་ཅུང་དམའ་བར་བརྟེན། ཤང་གྲོང་རིམ་པ་མན་གྱི་ཞིང་སྡེའི་ས་ཁུལ་གྱི་གཞི་རྩའི་དངུལ་རྩའི་ཞབས་ཞུ་ཡི་འདོན་སྤྲོད་ནུས་པ་འདང་ངེས་ཤིག་མེད་ལ། དཔེེར་ན། ཁོངས་གཏོགས་ཀྱི་ཤང་གྲོང672ཁྲོད་དངུལ་ཁང་ལས་སྒྲུབ་ས་ཚིགས458ཙམ་ལས་མེད་ལ། ཤང་གྲོང214ལ་སྔར་བཞིན་དངུལ་ཁང་ལས་སྒྲུབ་ས་ཚིགས་མེད་པ་དང་དེས32%ཟིན་ཡོད། འོན་ཀྱང་དེང་རབས་ཅན་གྱི་རྩིས་སྤྲོད་ཞབས་ཞུ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན། མི་དམངས་དངུལ་ཁང་ལྷ་ས་ཡན་ལག་ལྟེ་བའི་དངུལ་ཁང་གིས་ཧུར་བརྩོན་གྱིས་སྣེ་ཁྲིད་དང་སྐུལ་འདེད་བྱས་པའི་འོག དངུལ་ཁང་ལས་ཁུངས་སོ་སོས་ཡུལ་བབ་དང་བསྟུན་ནས་ཞབས་ཞུ་གསར་སྐྲུན་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཁོངས་གཏོགས་ཀྱི་ཞིང་སྡེའི་རྨང་གཞིའི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། དངུལ་ཁང་བྱང་བུའི་ཞིང་བར་རོགས་སྐྱོར་བྱེད་པའི་དངུལ་ལེན་ཞབས་ཞུ་ཡིས་ཕན་ནུས་ལྡན་པའི་སྒོ་ནས་རྩིས་སྤྲོད་ཞབས་ཞུའི“ཆེས་མཇུག་མཐའི་སྤྱི་ལེ་གཅིག”གི་གནད་དོན་ཐག་གཅོད་བྱས་ཤིང་། རོང་འབྲོག་པ་མང་ཚོགས་སྡེ་བ་ནས་ཕྱིར་འགྲོ་མི་དགོས་པར་དངུལ་ལེན་པ་དང་རྩིས་སྒྱུར་བྱེད་པ། འཛད་སྤྱོད་སོགས་ཀྱི་རྩིས་སྤྲོད་ལས་སྒོའི་གཞི་རྩའི་དགོས་མཁོ་བསྐངས་ཡོད། 2015ལོར། ལྗོངས་ཡོངས་སུ་ཞིང་བར་རོགས་སྐྱོར་གྱི་དངུལ་ལེན་ཞབས་ཞུ་ས་ཚིགས3883ལས་མེད་པ་དང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2021ལོའི་ཟླ6པའི་ཟླ་མཇུག་བར་དུ། ལྗོངས་ཡོངས་སུ་ཞིང་བར་རོགས་སྐྱོར་གྱི་དངུལ་ལེན་ཞབས་ཞུ་ས་ཚིགས5649ལ་སླེབས་ཤིང་། ལས་སྒོའི་ཚད་དེ2015ལོའི་སྒྲུབ་ཐེངས་ཁྲི7.7ཡི་སྒོར་ཁྲི4100ནས2020ལོའི་སྒྲུབ་ཐེངས་ཁྲི85.15ཡི་སྒོར་དུང་ཕྱུར11.25ལ་སླེབས་པ་དང་། ལས་སྒོའི་སྒྲུབ་ཐེངས་ལྡབ11དང་སྒོར་གྲངས་ལྡབ27འཕར་ཡོད།

མིག་སྔའི་བར་དུ། ཞིང་བར་རོགས་སྐྱོར་གྱི་དངུལ་ལེན་ཞབས་ཞུ་དེ་ལྗོངས་མངའ་ཁོངས་ཀྱི་ཆ་རྐྱེན་དང་འཚམ་པའི་ཤང་གྲོང་དང་སྲིད་འཛིན་སྡེ་བ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཡོད། ཞིང་བར་རོགས་སྐྱོར་གྱི་དངུལ་ལེན་ཞབས་ཞུ་ས་ཚིགས་ཀྱི་མ་རྩ་དམའ་བ་དང་འཁོར་རྒྱུག་སྟབས་བདེ་སོགས་ཀྱི་ལེགས་ཆ་དང་ཁྱད་ཆོས་ལ་བརྟེན་ནས། ཕན་ནུས་ལྡན་པའི་སྒོ་ནས་མངའ་ཁོངས་ཀྱི་ཞིང་སྡེའི་ས་ཁུལ་གྱི་དངུལ་ཁང་ལས་སྒྲུབ་ས་ཚིགས་ཉུང་བ་དང་ཞབས་ཞུ་འདོན་སྤྲོད་ནུས་པ་མི་འདང་བའི་ཞན་ཆ་ཁ་གསབ་བྱས་ཏེ། གཟིགས་སྐྱོང་དངུལ་རྩའི་ཞབས་ཞུའི་ཁྱབ་རྒྱ་མཐོར་འདེགས་སུ་བཏང་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།