ཝང་དབྱང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་གྱི་རིགས་སོ་སོའི་སྡེ་ཡི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་ཚེས་ཉི་ཤུ་ཉིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་དགོངས་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་བོ་ཁྱེར་ཏེ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་རེ་འགའི་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་དུ་སོང་ནས། ནག་ཆུའི་རིགས་སོ་སོའི་སྡེ་ཡི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས།

ཝང་དབྱང་སོགས་ཀྱིས་ནག་ཆུར་འཚམས་འདྲི་བྱེད་ཡུན་རིང་ལ་ནག་ཆུ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་ཁོངས་མི་དང་རིགས་སོ་སོའི་སྡེ་ཡི་འཐུས་མིར་ཐུག་འཕྲད་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་ཆུ་གྲོང་ཁྱེར་ལ་གནང་བའི་སྒྲོམ་བྱང་ཤིས་ཚིག་སྟེ། མཛེས་ཤིང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མཉམ་སྐྲུན་ཞེས་པ་ཕུལ།

ཝང་དབྱང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱས་ཏེ་ལོ་བདུན་ཅུ་འཁོར་བའི་རིང་ནག་ཆུ་ས་ཁུལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་ཁས་ལེན་བྱས། ནག་ཆུས་ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དངོས་འབེབས་ནན་མོ་བྱེད་རྒྱུ་དང་། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་གསར་པ་བསྐྲུན་པར་འབད་འབུངས་བྱེད་རྒྱུའི་རེ་བ་བཏོན།

ཝང་དབྱང་གིས་བསྟན་དོན། ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱེད་པར་ཅིས་ཀྱང་རྒྱ་ཆེ་བའི་གཞི་རིམ་ལས་བྱེད་པའི་བློས་གཏོང་དང་ཁ་འབྲལ་ཐབས་མེད་པས། རེ་བ་ཡིན་ན་ཚང་མས་མུ་མཐུད་དུ་འབད་པ་ལྷུར་ལེན་སྒོས་སྔར་ལས་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།