ཝང་དབྱང་གིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ་བདུན་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བོད་ལྗོངས་བུ་དང་བུ་མོའི་བློ་ཁ་ཏང་ལ་ཕྱོགས་ཞེས་པའི་རིག་རྩལ་འཁྲབ་སྟོན་ལ་བལྟས།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། བོད་ལྗོངས་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ་བདུན་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བོད་ལྗོངས་བུ་དང་བུ་མོའི་བློ་ཁ་ཏང་ལ་ཕྱོགས་ཞེས་པའི་རིག་རྩལ་འཁྲབ་སྟོན་བོད་ལྗོངས་མི་དམངས་ཚོགས་ཁང་ནས་འཁྲབ་སྟོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་དབྱང་གིས་བོད་རང་སྐྱོང་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དྲུག་བརྒྱ་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་བལྟས། 

རིག་རྩལ་འཁྲབ་སྟོན་དེ་གླུ་གར་ཆེན་མོ་བཀྲ་ཤིས་བདེ་ལེགས་ཞེས་པའི་འཁྲབ་སྟོན་ཁྲོད་ངང་གིས་མགོ་བརྩམས། འཁྲབ་སྟོན་དེ་སྟོད་ཆ་མཐོ་སྒང་ཡུལ་དུ་སྐྱིད་ཀྱི་ཉི་མ་འཆར་ཞེས་པ་དང་སྨད་ཆ་དུས་རབས་གསར་བར་འབད་པས་བསྐྱོད་ཅེས་པ། མཇུག་བསྡུ་བ་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཞེས་པ་བཅས་ལ་བརྟེན་ནས། ལོ་ངོ་བདུན་ཅུའི་རིང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་པ་ནས་དར་རྒྱས་འཕེལ་རྒྱས་སུ་སོང་བའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་མཚོན་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་མཛད་པ་མངོན་པར་མཚོན་ཡོད་ལ། བོད་ལྗོངས་རིགས་སོ་སོའི་མི་དམངས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པའི་བློ་སྤོབས་བསྟན་ཡོད། 

འཁྲབ་སྟོན་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བརྩེ་བའི་ཐུགས་ཁུར་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་དང་རོགས་འདེགས་འོག བོད་ལྗོངས་ཀྱི་ལས་དོན་སོ་སོར་གོང་འཕེལ་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་གཅིག་བསྡུས་ཀྱིས་བསྟན་ཡོད། 

འཁྲབ་སྟོན་མཇུག་སྒྲིལ་རྗེས། ཝང་དབྱང་སོགས་བོད་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོའི་འགྲོ་རོགས་འོག གར་སྟེགས་སུ་སོང་ནས་འཁྲབ་སྟོན་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་། འཁྲབ་སྟོན་མི་སྣང་དག་དང་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཡུག་ཆོན་དང་། པད་མ་འཕྲིན་ལས། ཝང་ཆིན་ལོས། མེའོ་ཧྭ་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་བལྟས། 

འཁྲབ་སྟོན་མགོ་མ་བརྩམས་གོང་། ཝང་དབྱང་གིས་ད་རུང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཚན་ཁག་དང་། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་། དགོན་པའི་དོ་དམ་ལས་བྱེད་པ། སྲིད་ཁྲིམས་ཉེན་རྟོག་པ། བོད་སྡོད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་འཐུས་མི་བཅས་ལ་ཐུག་འཕྲད་བྱས་པར་མ་ཟད། ཁོ་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།