“འཛམ་གླིང་ཡང་རྩེས”རྒྱུན་ཆད་མེད་པར“ཀྲུང་གོའི་ཟིན་ཐོ་གསར་པ”བཏོད་པ།

ལོ་ངོ་70ཡི་རིང་། དམངས་འཚོར་ཕན་འདོགས་པ་དང་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞིར་འདེགས་སྐྱོར་བྱེད་པའི་འདུ་འགོད་གལ་ཆེན་ཁག་གཅིག་ཆར་རྗེས་ཀྱི་མྱུ་གུ་འབུད་པ་ལྟར་གངས་ལྗོངས་ས་མཐོར་ཐོན་པ་ལས། ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་པའི་དུས་རབས་ཀྱི་འདུ་འགོད་ཁག་གཅིག་ཚུད་ཡོད། དེ་དག་དར་རྒྱས་བྱུང་བས། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིང་བ་དང་ས་མཐོའི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། ད་ཆ“འཛམ་གླིང་ཡང་རྩེས”སྔར་བཞིན“ཀྲུང་གོའི་ཟིན་ཐོ་གསར་པ”གཏོད་བཞིན་ཡོད།

ས་བབ་མཐོ་ཤོས་ཀྱི་བརྗིད་ཉམས།

“འཛམ་གླིང་ཡང་རྩེའི”ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་པས། རྒྱལ་ཁབ་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། འགྲིམ་འགྲུལ་དང་ནུས་རྒྱུ་ནས་གྲངས་གཞི་ཆེན་པོའི་ཐོན་ལས་བར་ཀྲུང་གོའི་མྱུར་ཚད་དང“མཐོ་ཚད”མཚོན་གྱི་ཡོད།

མཚོ་བོད་ལྕགས་ལམ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་རེད། ལྕགས་ལམ་དེའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་1956ཡོད་པ་དང་། དེ་ནི་དེང་སྐབས་འཛམ་གླིང་གི་ས་བབ་མཐོ་ཤོས་དང་ས་མཐོའི་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་འཁྱགས་སའི་ལྕགས་ལམ་ཞིག་ཡིན་ཞིང་། ལམ་རྒྱུད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཙམ་ཟིན་པ་དང་། ལམ་བར་དུ་ཚྭ་མཚོ་དང་། ན་འདམ། གངས་རི། རྩྭ་ཐང་བཅས་བརྒལ་དགོས་པ། ལོ་འཁོར་མོའི་འཁྱགས་སའི་ལམ་དུམ་ལ་སྤྱི་ལེ་500ལྷག་ཙམ་ཟིན་ཡོད། དེས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་མཚོ་བོད་ས་མཐོའི་འགྲིམ་འགྲུལ་གྱི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཡོད།

བོད་ལྗོངས་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་གློག་འདྲེན་གློག་སྒྱུར་ལས་གྲྭ་ཞིག་རེད། ལས་གྲྭ་དེ་མིག་སྔར་འཛམ་གླིང་གི་ས་བབ་མཐོ་ཤོས་དང་། སྐྱེལ་འདྲེན་ལམ་ཐག་རིང་ཤོས། འགྲན་སློང་རང་བཞིན་ཆེ་ཤོས་བཅས་ཀྱི་གློག་འདྲེན་གློག་སྒྱུར་ལས་གྲྭ་ཞིག་ཀྱང་ཡིན་པ་དེས་མངའ་རིས་ཀྱི་གློག་དྲ་ཡུན་རིང་དྲ་རྐྱང་འཁོར་སྐྱོད་ཀྱི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ནས། ལམ་རྒྱུད་ཀྱི་མི་ཁྲི་38ལྷག་ཙམ་གྱི་བདེ་འཇགས་དང་བློས་འགེལ་ཆོག་པའི་གློག་གི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། བོད་ཀྱི་རྫོང(ཆུས)10བརྒལ་བའི་ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་74བཏང་བ་དང་། གློག་འདྲེན་སྐུད་ལམ་གྱི་རིང་ཚད་སྤྱི་ལེ་1689ཟིན་པ། ས་བབ་མཐོ་ཤོས་སྨི་5357ཟིན་ཡོད།

ས་འོག་ཚ་ནུས་གློག་ཁང་ཆེ་གྲས་དང་འོད་རིག་པའི་གནམ་དཔྱད་རྒྱང་ཤེལ།

ཚད་ཡོད་ཀྱི་གསར་སྤེལ་བར་མཐོངས་སུ་། བོད་ཀྱིས་གོ་སྐབས་ལ་དམ་འཛིན་དང་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་ཆད་མེད་པར་གསར་འབྱེད་བྱས་ཏེ་དུས་རབས་20པའི་ལོ་རབས་70པ་ནས་ད་བར་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།

ཡངས་པ་ཅན་ས་འོག་ཚ་ནུས་གློག་ཁང་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་དང་འཁོར་སྐྱོད་བྱེད་ཡུན་རིང་ཤོས་ཀྱི་ས་འོག་ཚ་ནུས་གློག་ཁང་ཞིག་རེད། དེ་ནི་རང་རྒྱལ་གྱིས་རང་རྟེན་རྩད་ཞིབ་གསར་སྤེལ་བྱས་པའི་དྲོད་ཚད་མཐོ་བའི་ཚ་ཞིང་དང་པོ་དང་། རྒྱལ་ནང་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་ཆེ་ཤོས་དང་འཁོར་སྐྱོད་བྱེད་ཡུན་རིང་ཤོས་ཀྱི་ས་འོག་ཚ་ནུས་གློག་ཁང་ཞིག་རེད་ལ། འཛམ་གླིང་གི་ས་འོག་ཚ་ནུས་གཏིང་ཐུང་བའི་ཚ་ནུས་གསོག་འཇོག་ལ་བརྟེན་པའི་བཟོ་ལས་རང་བཞིན་གྱི་གློག་ཁང་ཞིག་ཀྱང་རེད། 1975ལོར་གསར་སྤེལ་བེད་སྤྱོད་བྱས་པ་ནས་2020ལོའི་ཟླ་6པ་བར་རིམ་རྩིས་བྱས་ན་གློག་ཁང་དེས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་34.25ཟིན་ཡོད།

ཡངས་པ་ཅན་ས་འོག་ཚ་ནུས་གློག་ཁང་ནི་མིག་སྔར་རང་རྒྱལ་གྱི་འཕྲུལ་ཚན་རྐྱང་པ་ནས་བཏོན་པའི་གློག་ཤུགས་ཆེ་ཤོས་ཀྱི་ས་འོག་ཚ་ནུས་གློག་ཁང་ཞིག་རེད། ལས་གྲྭ་དེ་ནི་ཀྲུང་གོའི་ས་འོག་ཚ་ནུས་གློག་འདོན་མ་དཔེ་དང་འཛམ་གླིང་གི་ས་བབ་མཐོ་བའི་ས་འོག་ཚ་ནུས་གློག་འདོན་གྱི་དཔེ་མཚོན་ཞིག་རེད། དེ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་4700ཙམ་ཟིན་ཞིང་། མིག་སྔར་འཛམ་གླིང་གི་ས་བབ་མཐོ་ཤོས་དང་རྒྱལ་ནང་གི་འཕྲུལ་ཚན་རྐྱང་པ་ནས་བཏོན་པའི་གློག་ཤུགས་ཆེ་ཤོས་ཀྱི་ས་འོག་ཚ་ནུས་གློག་གཏོང་འཕྲུལ་ཚན་གྱི་ལས་གྲྭ་ཞིག་ཡིན་པ་དང་། རྣམ་གྲངས་དེར་ད་དུང་གློག་འདོན་རྦབ་ཆུ་100%བསྐྱར་འདྲེན་ཐུབ་ཀྱི་ཡོད། མིག་སྔར་ལས་གྲྭའི་དུས་ཐེངས་དང་པོའི་རྣམ་གྲངས་དེ་2018ལོར་དྲ་སྦྲེལ་ལེགས་གྲུབ་བྱུང་བ་དང་2020ལོར་དྲ་ཐོག་ནས་བསྡོམས་རྩིས་རྒྱག་ཚད་ཏུའུ་དུང་ཕྱུར་1.1ཟིན་ཡོད།

སྨི་གཅིག་རིམ་པའི་འོད་རིག་པའི་གནམ་དཔྱད་རྒྱང་ཤེལ་ནི་རང་རྒྱལ་གྱི་ཁ་ཞེང་ཆེ་ཤོས་ཀྱི་དཀྱོག་འཕྲོ་ཅན་གྱི་འོད་རིག་པའི་རྒྱང་ཤེལ་ཞིག་རེད། འཛམ་གླིང་གི་ཁ་ཞེང་ཆེ་ཤོས་ཀྱི་དཀྱོག་འཕྲོ་རྣམ་པའི་འོད་རིག་པའི་རྒྱང་ཤེལ་དེ་ནི་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་རང་རྟེན་ཞིབ་བཟོ་བྱས་པ་ཞིག་རེད། བོད་དུ་ས་བབ་མཐོ་བ་དང་ལྟ་ཞིབ་ཚད་ལེན་གྱི་ཆ་རྐྱེན་ལེགས་པའི་ཁྱད་ཆོས་ལ་བརྟེན་ནས་འགྱུར་སྐར་དང་ཆ་སྐར་སོགས་སྐར་མའི་གོ་ལར་ཅུང་ཞན་པའི་འོད་འཇལ་བྱས་ཏེ། ཉེ་སའི་རྒྱུ་སྐར་ཆུང་ངུ་དང་དེ་བཞིན་བར་མཐོངས་ཀྱི་དམིགས་ཚད་ལྟ་ཞིབ་ཚད་ལེན་སོགས་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་མང་པོ་སྤེལ་ཆོག་པ་དང་ཆབས་ཅིག ད་དུང་བོད་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོར་ཞབས་འདེགས་གཏིང་ཟབ་ཞུ་ཐུབ།

ལག་རྩལ་གསར་ཤོས་ཀྱི་བློ་གྲོས།

གནམ་གཤིས་ངན་པ་དང་ས་གཤིས་རྙོག་འཛིང་ཆེ་བ་ནི་བོད་ཀྱི་འཛུགས་སྐྲུན་ལས་གྲྭར་འཕྲད་པའི་ཡོངས་ཁྱབ་ཀྱི་འགྲན་སློང་ཞིག་ཡིན་མོད། འོན་ཀྱང་མི་རབས་ནས་མི་རབས་བར་གྱི་འཛུགས་སྐྲུན་པ་དང་ཚན་ཞིབ་མི་སྣས་དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་པ་དང་དཀའ་གནད་ཁྱད་དུ་བསད་དེ། མཐར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་བརྗིད་ཆེའི་ལས་གྲྭ་དེ་བསྐྲུན་ཡོད།

ལྷ་ཉིང་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་ནི་རང་རྒྱལ་གྱིས་གསར་གཏོད་བྱས་པའི“སྣུམ་གློག་མཉམ་འདྲེས”ཀྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ཞིག་རེད། བསྐྱར་དར་རྟགས་ཅན་གྱི་ས་མཐོའི་གློག་ཁུངས་ཟུང་ལྡན་གྱི་ཤུགས་འགྲེམས་མེ་འཁོར་ནི་རང་རྒྱལ་གྱི་ལྕགས་ལམ་སྒྲིག་ཆས་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པའི་རྨང་གཞིའི་ཐོག་ཐོབ་པའི་གྲུབ་འབྲས་གསར་ཤོས་ཤིག་རེད། དེས་གོ་ལ་ཧྲིལ་པོར་ཐོག་མར་གསར་གཏོད་བྱས་པའི“ནང་འབར་+གློག་ཤུགས”ཀྱི་སྒུལ་ཤུགས་ཟུང་ལྡན་གྱི་འདྲུད་སྟངས་སྤྱད་དེ། བརྒྱུད་རིམ་ཧྲིལ་པོར་མེ་འཁོར་བརྗེ་མི་དགོས་པར་བདེ་བླག་འདྲུད་པ་དང་ལག་རྩལ་མང་པོ་ཞིག་གིས་ལས་རིགས་ཀྱི་སྟོང་ཆ་བསྐངས་ནས“ཀྲུང་གོའི་གསར་གཏོད”ཀྱི་གྲུབ་འབྲས་མངོན་པར་བྱས་ཡོད།

རྫམ་ཡར་ཀླུང་གཙང་པོའི་ལམ་ཐིག་ཉིས་གཤིབ་ཀྱི་ཟམ་ཆེན་ནི་རང་རྒྱལ་གྱི་ལྕགས་ལམ་ལྕགས་མདོང་གི་ཨར་འདམ་གཞུ་དབྱིབས་ཟམ་རིང་ཤོས་ཤིག་རེད། ཟམ་ཆེན་དེ་ནི་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལས་ཡུན་རིང་ཤོས་དང་། དཀའ་ཚེགས་ཆེ་ཤོས། ཚན་རྩལ་འདུ་ཚད་མཐོ་ཤོས་བཅས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི་525.1དང་གཞུ་དབྱིབས་གཙོ་བོའི་ཚངས་ཐིག་ལ་སྨི་430ཡོད་པ་དེ་ནི་རྒྱལ་ནང་གི་གནམ་གཤིས་ངན་པ་ཇི་ལྟར་བསྟན་རུང་རྩི་མི་འབུད་པ་དང་བཙའ་མི་རྒྱག་པའི་ལྕགས་ལམ་ཟམ་ཆེན་ཐོག་མ་དེ་རེད། རྣམ་གྲངས་དེས་ལྕགས་ལམ་ལྕགས་མདོང་གི་ཨར་འདམ་གཞུ་དབྱིབས་ཟམ་པའི་ས་བབ་མཐོ་ཤོས་དང་བར་ཐག་རིང་ཤོས་སོགས་འཛམ་གླིང་གི་ཟིན་ཐོ་བཏོད་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།