བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་བསྟན་འཛིན་གྱི་གཏམ་བཤད།

df0a9967-87fa-4b95-9d4f-cc10612e1bae.jpg

འདི་ནི་བསྟན་འཛིན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གཏམ་བཤད་གནང་བཞིན་པ།

གུས་ཤིང་བརྩེ་བའི་དབུ་ཁྲིད་རྣམ་པ་དང་། བློ་མཐུན་རྣམ་པ།

ལྷན་རྒྱས་སྐུ་ཁམས་བཟང་། ངའི་མིང་ལ་བསྟན་འཛིན་ཟེར་གྱི་ཡོད། འདི་ལོ་ལོ་60ཡིན། ད་ལྟ་ལྷ་ས་གྲོང་ཁྱེར་གཙང་རལ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཡིན། རང་ཉིད་ཞིང་འབྲོག་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས། དེ་རིང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་རྒྱུ་བྱུང་བར་སེམས་འགུལ་ཚད་མེད་ཐེབས་བྱུང་ལ། གཟི་བརྗིད་ཀྱང་ཆེན་པོ་ཞིག་ཡིན་སྙམ་གྱི་འདུག

ང་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་སྐྱེས་པ་དང་། དར་དམར་འོག་འཚར་ལོངས་བྱུང་བ་ཞིག་ཡིན་པས། ཏང་གི་དབུ་ཁྲིད་འོག་བོད་ལྗོངས་འདི་ཉིད“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”བྱུང་བ་དང་། གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་ང་རང་རང་ཉིད་ནས་མིག་མཐོང་ལག་ཟིན་བྱུང་། ཀྲུང་གོ་གུང་ཁྲན་ཏང་མེད་ན། དེ་དག་ཚང་མ་མངོན་གྱུར་ཡོང་མི་སྲིད་པ་རང་ཉིད་ནས་གསལ་པོ་ཤེས་ཀྱི་འདུག

བོད་རྙིང་པའི་ནང་། ང་ཚོའི་ཁྱིམ་ཚང་གི་ནང་མི་ཚང་མ་ཞིང་བྲན་བདག་པོའི་བ་ཚང་ནང་ཉལ་ནས་སྡོད་དགོས་པ་དང་། ནད་གཞི་ཕོག་ནའང་བཙན་ཤེད་ཀྱིས་ལས་ཀ་བྱེད་དུ་འཇུག་པ། རྟ་ཟོག་སེམས་ཅན་ལས་ཀྱང་སྡུག་པའི་དཀའ་སྡུག་གི་འཚོ་བ་སྐྱེལ་དགོས་པ་ལས་ནམ་ཡང་སྐྱིད་པའི་མཐའ་མཐོང་རྒྱུ་མེད་ཅེས་ངའི་པཱ་ལགས་ཀྱིས་དེ་སྔོན་རྒྱུན་དུ་ང་ཚོར་གསུང་མྱོང་ཡོད། པཱ་ལགས་ལོ་ན་ཆུང་དུས་སྐབས་ནས་དགོན་པའི་ནང་གྲྭ་པ་བྱེད་པར་བསྐྱལ་བ་དང་། ཆེན་པོ་ཆགས་རྗེས་བོད་རྙིང་པའི་དམག་མི་བྱེད་པར་འཁྲིད་པས། ནང་མི་ཚང་མའི་བསམ་པར་ཁོང་སྔ་ས་ནས་གྲོངས་ཚར་བ་རེད་སྙམ་ཡོད། ཏང་གིས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་རྗེས། པཱ་ལགས་ལ་གཞི་ནས་ཚེ་སྲོག་གསར་པ་ཐོབ་པ་དང་། ནང་མི་མཉམ་འཛོམས་ཀྱི་བསྐལ་པ་བཟང་པོ་ཐོབ་བྱུང་། ཕྱིས་སུ་ཏང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞིང་བྲན་ལམ་ལུགས་རྩ་གཏོར་བཏང་བ་དང་ཞིང་བྲན་བདག་པོ་རྩ་མེད་དུ་བཏང་བར་བརྟེན། ང་ཚོར་གཞི་ནས་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཏེ། ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་བྱུང་བའི་ཁར། སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་། ས་ཞིང་དང་ནོར་ལུག་གི་བགོ་སྐལ་ཐོབ་ནས། བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་། རང་ཉིད་ཀྱང་དུས་སྐབས་བཟང་པོའི་རྗེས་སུ་བསྙེགས་ཐུབ་ནས་སློབ་གྲྭར་འགྲོ་བའི་གོ་སྐབས་རག་བྱུང་། དེ་དག་ནི་སྔོན་མ་སྐུ་དྲག་ཁོ་ནའི་དམིགས་བསལ་དབང་ཆ་ཡིན་པ་ལས་ང་ཚོར་ལོངས་སུ་སྤྱོད་དབང་མེད། ཏང་གི་དབུ་ཁྲིད་འོག་ང་ཚོར་གཞི་ནས་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་བའི་ཁར། འཚོ་བ་གསར་པ་ཞིག་གཞི་ནས་དངོས་འབྲེལ་སྐྱེལ་རྒྱུ་བྱུང་།

ཉེ་བའི་ལོ་ཤས་ནང་། ང་ཚོའི་གཙང་རལ་སྡེ་ཁུལ་གྱིས་ཏང་གི་སྲིད་ཇུས་བཟང་པོའི་འོག རྒྱལ་ཡོངས་མི་རིགས་ཁག་གི་སྤུན་ཟླ་གཅེན་གཅུང་རྣམ་པའི་རོགས་རམ་དང་། ཡུལ་མི་རྣམས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ང་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བ་མངོན་འགྱུར་ཡོང་བ་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང”ཞེས་པའི་བཀའ་ཕབ་ཚུན། ཏང་དང་སྲིད་གཞུང་གི་རོགས་རམ་འོག ང་ཚོས་མགྲོན་ཁང་དང་ཚོང་ཁང་སོགས་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་བཏང་བ་མ་ཟད། ད་དུང་ཁྱིམ་ཚང་སོ་སོའི་གནས་ཚུལ་ལ་གཞིགས་ཏེ་གནད་འཕིགས་དབུལ་སྐྱོར་བྱས་པར་བརྟེན། སྡེ་ཁུལ་ཡོངས་འབྱོར་འབྲིང་དུ་བསྐྱོད་ཐུབ་པ་དང་། མི་གཅིག་ཀྱང་ལུས་མེད། ད་ཆ་ཡུལ་མི་ཚོར་མི་རེར་ལོ་རེར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་11000ལྷག་ཙམ་བགོ་བཤའ་རྒྱག་རྒྱུ་ཡོད་པ་དང་། ད་དུང་ཕྱི་ལ་ལས་ཀ་གླས་ནས། ཟླ་རེར་ཉུང་མཐར་ཡང་སྒོར་བཞི་སྟོང་ལྔ་སྟོང་ཙམ་རག་གི་ཡོད་པ་མ་ཟད། འགའ་རེས་ད་དུང་གསོ་ཚགས་དང་ཚོང་ལས་ལ་བརྟེན་ནས་ཡོང་འབབ་དེ་བས་མང་བ་རག་ཐབས་བྱེད་ཀྱི་ཡོད། ད་ལྟ། ཁྱིམ་ཚང་ཚང་མ་སྡོད་ཁང་གསར་པའི་ནང་སྤོས་ཟིན་ནས་མོ་ཊ་འཇིབ་ཆུང་གཏོང་བ་དང་རིག་ནུས་ཀྱི་ལག་ཐོགས་ཁ་པར་སྤྱད་དེ། དེང་རབས་ཀྱི་འཚོ་བར་རོལ་བཞིན་ཡོད། ད་དུང་ཕྲུ་གུ་སློབ་གྲྭར་འགྲོ་བར“འགན་ལེན་གསུམ”དང་། རྒན་འཁོགས་ཚོར་རྒན་གསོའི་ཁ་གསབ། ན་ཚ་ལྟ་བར་སྨན་བཅོས་འགན་བཅོལ་བཅས་ཡོད་པས་སེམས་ཁྲལ་གང་ཡང་བྱེད་དགོས་མེད། ཡུལ་མི་ཚོས“མའོ་ཀྲུའུ་ཞིས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་བ་དང་། ཞི་ཀྲུའུ་ཞིས་བོད་ཀྱི་མི་དམངས་རྣམས་དབུལ་སྒྲོལ་འབྱོར་འབྲིང་གི་ཕྱོགས་སུ་འཁྲིད་གནང་བྱུང”ཞེས་ཤོད་བཞིན། སེམས་གཏིང་ནས་ཏང་གི་བཀའ་དྲིན་དྲན་པ་དང་། བློ་གཅིག་སེམས་གཅིག་གིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བཞིན་ཡོད།

མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན། གཞི་རིམ་དུ་ལས་ཀ་ལོ་མང་བྱེད་མྱོང་བའི་ཏང་ཡོན་རྒན་གྲས་ཤིག་གི་ངོས་ནས་བཤད་ན། ད་ལྟའི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ལས་སླ་པོར་བྱུང་བ་ཞིག་གཏན་ནས་མིན་པ་ངས་གསལ་པོ་ཤེས་ཀྱི་འདུག ད་ལྟ་ང་ཚོ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་དང་དུས་རབས་གསར་པར་སྐྱོད་བཞིན་པ་འདི། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱིས་མཐོང་སྐབས། རྟག་ཏུ་ཟིང་སློང་གཏོར་བཤིག་བཏང་ནས་བོད་འདི་སྔོན་མ་ནང་ལྟར་མང་ཚོགས་བྲན་ཏུ་བཀོལ་བ་དང་། ཁོ་པ་ཚོས་སྐུ་དྲག་བྱེད་པའི་དུས་རབས་རྙིང་པར་ཕྱིར་ལོག་བྱ་རྒྱུའི་རེ་ངན་འཆང་བཞིན་ཡོད། སྔོན་ཆད་ང་ཚོ་བོད་ལ་ཡང་རང་གི་སྐྱེ་ཁུངས་བརྗེད་ནས་མགོ་སྐོར་འོག་ཏུ་ཚུད་པའི་མི་རེ་ཟུང་ཡོད། ད་ལྟ་ཚང་མས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་གདོང་རིས་ངོ་མ་གསལ་པོ་ཤེས་པས། ང་ཚོ་ནི་ཁོ་པ་ཚོའི་མགོ་སྐོར་འོག་ཏུ་གཏན་ནས་ཚུད་མི་སྲིད་ལ། མི་སུ་ཞིག་གིས་ཀྱང་ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཏོར་བཤིག་གཏན་ནས་གཏོང་ཐུབ་ཀྱི་མ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ལ་ང་ཚོས་མཐའ་གཅིག་ཏུ་འཐབ་རྩོད་དང་། འཐབ་རྩོད་མཐར་ཕྱིན་པ་བྱེད་རྒྱུ་ཡིན། འདིར་ངས་བོད་ཀྱི་མང་ཚོགས་རྣམ་པའི་ཚབ་ཞུས་ཏེ། ཁ་ཕྲལ་གཏོར་བཤིག་གཏོང་མཁན་ནི་ང་ཚོའི་དགྲ་བོ་ཡིན་པ་དང་། དེའི་མཇུག་འབྲས་ནི་འཆི་ལམ་ཉག་ཅིག་དང་། ཤ་ཐོར་རུས་ཐོར་དུ་འགྲོ་རྒྱུ་ཁོ་ན་ལས་མེད་ཅེས་ཁོ་པ་ཚོར་ཤོད་རྒྱུ་ཡིན།

མི་རིང་བའི་གོང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་བ་མཚོན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་ཡག་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ཉན་རྗེས། ཚང་མའི་སེམས་ནང་སྦྲང་རྩི་འཐུང་བ་ལྟ་བུའི་མངར་སིལ་རྒྱག་པ་དང་། སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་སྙིང་བཅངས་ཀྱིས་མའོ་ཀྲུའུ་ཞིར་བརྩི་བཀུར་དང་དགའ་གུས་བྱེད་པ་བཞིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ལ་བརྩི་བཀུར་དང་དགའ་གུས་ཞུས་ནས་ང་ཚོའི་རླབས་ཆེན་གྱི་གཙོ་འཛིན་ལ་བརྩི་བཀུར་དང་དགའ་གུས་ཞུ་གི་ཡོད། གཞི་རིམ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་དྲོ་སྐྱིད་ལྡན་པའི་བཀའ་མོལ་དེ་དག་དྲན་སྐབས། རང་ཉིད་ཀྱི་ལུས་པོར་མངོན་མེད་ཀྱི་སྟོབས་ཤུགས་འཕེལ་ཏེ། ད་དུང་ལས་ཀ་ལོ་བཅུ་གྲངས་ཁ་ཤས་བྱེད་འདོད་འདུག ངས་ང་ཚོའི་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་རྣམ་པའི་སྣེ་ཁྲིད་དེ། མུ་མཐུད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་མ་ཟད། གཙང་རལ་སྡེ་ཁུལ་འདི་ཉིད་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། འཚོ་བ་བདེ་སྐྱིད་བཅས་ལྡན་པའི་དཔེ་སྟོན་སྡེ་ཁུལ་ཞིག་ཏུ་འཛུགས་སྐྱོང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིས་བྱམས་རྩེའི་ཐུགས་ཁུར་གནང་བར་དྲིན་ལན་འཇལ་ངེས་ཡིན།

ཏང་གི་བཀའ་དྲིན་རྒྱ་མཚོ་ལས་ཀྱང་ཟབ། ཏང་གི་སྲིད་ཇུས་བཟང་པོས་མི་སེམས་དྲོ། ཏང་གི་བཀའ་དྲིན་བརྗོད་ཀྱང་བརྗོད་མི་ཚར། བཀྲ་ཤིས་པའི་ཉིན་མོ་འདིར། ང་ཚོའི་རླབས་ཆེན་གྱི་ཏང་འདི་ཉིད་དེ་བས་མཚར་སྡུག་འོད་སྟོང་འབར་བ་དང་། རླབས་ཆེན་གྱི་མེས་རྒྱལ་དེ་བས་མངའ་ཐང་རྒྱས་པ། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

ངའི་གཏམ་བཤད་ཚར་སོང་། ལྷན་རྒྱས་ཐུགས་རྗེ་ཆེ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།