བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་ཝུའུ་དབྱིང་ཅེས་གསུང་བཤད།

ef18dab6-159b-486c-90b6-84ca4e3e96ad.jpg

འདི་ནི་ཝུའུ་དབྱིང་ཅེས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གཏམ་བཤད་གནང་བཞིན་པ།

གུས་པར་འོས་པའི་ཀྲུའུ་ཞི་ཝང་དབྱང་དང་། གུས་པར་འོས་པའི་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་དབུ་ཁྲིད་རྣམ་པ།

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

དེ་རིང་ང་ཚོ་འདི་གར་གཟབ་རྒྱས་ངང་འདུ་འཛོམས་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། མི་རིང་བའི་གོང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད། ཉེ་ཆར་སླར་ཡང་སྐུ་ངོ་མས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཆེད་མངགས་རྟེན་འབྲེལ་ཏར་འཕྲིན་བཏང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བརྩེ་བ་ཟབ་མོ་དང་སྨོན་འདུན་བཟང་པོ་མཚོན་པར་གནང་བ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་བཀའ་དྲིན་ཆེན་པོ་ཚོར་ཡོད། འདིར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཀྲུང་དབྱང་སྐུ་ཚབ་ཚོགས་པ་དང་། སྐུ་མགྲོན་རྣམ་པ། གྲོགས་པོ་རྣམ་པ་བཅས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ། ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དང་སྒྱུར་བཅོས་བྱ་གཞག་ཆེད་འབད་འཐབ་དང་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཟབ་མོ་ཞུ་རྒྱུ། འཐབ་ཕྱོགས་ཁག་ཏུ་དཀའ་སྤྱད་ལས་དོན་སྒྲུབ་མཁན་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། ལས་བྱེད་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ་བཅས་དང་། ལས་བྱེད་པ་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། བློ་མཐུན་རྒན་གྲས། བྱས་རྗེས་འཇོག་མཁན་རྒན་གྲས། དཔེ་བཟང་བ་རྒན་གྲས། དེ་བཞིན་ལས་རིགས་ཁག་གི་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས། དེ་བཞིན་བོད་ལ་ཐུགས་ཁུར་དང་། བོད་ལ་དགའ་ཞེན། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་རྒྱབ་སྐྱོར་བཅས་བྱེད་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་གཅེས་བོད་རིགས་སྤུན་ཟླ། རྒྱལ་སྤྱིའི་གྲོགས་པོ་བཅས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལོ་ངོ་70ཡི་གོང་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ནས། བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་དེས་བོད་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་ཀྱི་འཆིང་རྒྱ་ལས་ནམ་ཡང་གྲོལ་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་སྲིད་ལོ་གསར་པ་བཏོད་ཡོད། ལོ་ངོ་70ཡི་རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བརྗིད་ཆེའི་ལེའུ་བརྩམས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དཀའ་སྤྱད་འབད་བརྩོན་དང་། སྙིང་རུས་ཆེན་པོས་བརྩོན་ལེན། གསར་འབྱེད་གསར་གཏོད། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས། སྐབས་རིམ་བྱུང་གི་ལྗོངས་ཏང་ཨུད་ཀྱིས་བཏིང་པའི་ལས་དོན་བསྒྲུབ་པའི་རྨང་གཞི་བཟང་པོའི་ཐོག་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

——སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་ཞིང་། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་འཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་མཐའ་འཁྱོངས་བྱས་པས། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རབ་དང་རིམ་པ་ཕམ་ཉེས་ཤུགས་ཆེན་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”གནས་ལུགས་གསལ་པོ་ཤེས་ཀྱི་ཡོད་ལ། ད་ཆའི་ཞི་མཐུན་བརྟན་ལྷིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པའང་གསལ་པོ་ཤེས་ནས་བརྟན་ལྷིང་ཐད་རང་འགུལ་གྱི་འདུན་པ་དེ་བས་ཆེ་རུ་ཕྱིན་ཡོད།

——དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཞིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས། ལས་དོན་ཚང་མ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐད་གཅིག་སྡུད་བཅས་བྱས་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། མི་དམངས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། ན་ནིང་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་1959ལོ་ལས་ལྡབ་416འཕར་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ནས་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་རྦད་དེ་ཐར་ཡོད། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་བསྟུད་མར་རྒྱུན་འཁྱོངས་ཐུབ་ཡོད། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ་དང་། རྫོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ། ཤང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། སྒྲིག་ཚུད་གྲོང་ཚོ་99.96%ལ་འགྲོ་ལམ་ཤར་གཏོང་ཐུབ་པ། “གློག་ཤུགས་མཁའ་ལམ”རེ་རེ་ལས་གངས་ལྗོངས་ས་མཐོར་འོད་སྣང་སྦྱིན་པ། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་དང་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་བསྐྲུན་ཟིན་ཡོད། འཕྲིན་གཏོང་དྲ་རྒྱ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ནས་སྒུལ་བདེའི་གཏོང་སྤྲོད་དང“ཐད་གཏོང་ཟོག་ཚོང”དེ་མི་སེར་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལག་རོགས་ཡག་པོར་གྱུར་ཡོད།

——སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་ཕྱིན་ཞིང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་ཀྱི་མ་ལག་བཅོས་སྐྱོང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“ཆུ་བོ་གཉིས་དང་གཙང་པོ་བཞི”རྒྱུག་ཁུལ་གྱི་སྔོ་འགྱུར་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ལྗོངས་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱས་པས། ནགས་ཚལ་ཁྱབ་ཚད་12.31%བར་ཆེ་རུ་ཕྱིན་ཡོད། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་པ། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། བོད་ལྗོངས་ནི་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།

——མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། མཐའ་མཚམས་རྫོང་གི་གཏོང་སྤྲོད་གཞན་སྒྱུར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། མཐའ་མཚམས་མི་སེར་གྱི་ཁ་གསབ་ཚད་གཞི་ཇེ་མཐོར་ཕྱིན་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ། ཐེམ་ཐོ་མཐའ་མཚམས་རྫོང་ནས་ཡིན་པའི་མི་འབོར་10.5%མང་དུ་ཕྱིན་པ། མཐའ་མཚམས་རྫོང་21ཚང་མར་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་ཐོབ་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐའ་མཚམས་སུ་གཞིས་ཆགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ནས། ཏང་ལ་བློ་དཀར་སེམས་དཀར་དང་མེས་རྒྱལ་ལ་ལྷག་བསམ་རྣམ་དག་འཆང་ལུགས་རྒྱལ་ཁབ་ཀྱི་ས་ཆ་གང་སར་ཁྱབ་པ་དང་ས་མཚམས་ཀྱི་རྡོ་རིང་ཚང་མའི་ཐོག་བརྐོས་ནས་ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས་པའི་གསོན་ཉམས་དོད་པའི་ལེའུ་བརྩམས་པས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་སྤྲོ་སེམས་སྔར་བས་འཕེལ་ཡོད།

——ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་བཟོས་ནས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་འཛུགས་གཏོད་བྱེད་སྒོ་རྒྱ་སྐྱེད་གཏོང་བ། མི་རིགས་མཐུན་སྒྲིལ་དང་དམག་སྲིད་དམག་དམངས་དབར་གྱི་མཐུན་སྒྲིལ་ཉིན་བཞིན་སྲ་བརྟན་དུ་གཏོང་བ། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟམ་མི་ཆད་པར་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། ཀྲུང་ཧྭའི་རིག་གནས་ནི་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་འབྲེལ་ཐག་དང་སེམས་ཀྱི་རྟེན་ས་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་སེ་འབྲུའི་རྡོག་པོ་བཞིན་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཡོད། ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་གང་ལེགས་ཐོབ་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་བསྐྱལ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།

——ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་ལེན་བསྟར་བ་དང་། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱེད་པ། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་གངས་ལྗོངས་ས་མཐོར་གང་ལེགས་མངོན་པ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རླུང་རླབས་ཀྱི་ཚོད་བགམ་ལ་ཁ་གཏད་གཅོག་པ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཏུ་འགྱུར་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་བློ་གཅིག་སེམས་གཅིག་གིས་སེམས་པ་ཏང་ལ་ཕྱོགས་ཡོད།

ལོ་ངོ་70ཡི་རིང་གི་བོད་ཀྱི་འཕོ་འགྱུར་ཆེན་པོའི་ཁྲོད་བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སེམས་ནུས་དང་ཐུགས་ཁུར་གཅིག་ཏུ་བསྡུས་ཡོད་ལ། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་ལས་བྱུང་བའི་འབྲས་བུ་དང་། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པ་ལས་བྱུང་བའི་འབྲས་བུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་བཅས་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པའང་མེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ནས་ར་འཕྲོད་གང་ལེགས་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཚེ། བོད་ལ་གཞི་ནས་དར་རྒྱས་གོང་འཕེལ་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་གྱི་རྩ་བ་དང་བླ་སྲོག་ལྟ་བུ་ཡིན་པས་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། མཐའ་འཁྱོངས་ཡག་པོ་བཅས་བྱས་ཚེ། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་ཡོད་པ་དང་། དཀའ་ངལ་འཕྲད་སྐབས་ཐབས་ཤེས་ཡོད་པ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་གདེང་ཚོད་ཡོད་པ་བཅས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། བོད་ཀྱི་ལས་དོན་ལ་ཐོབ་དཀའ་བའི་གོ་སྐབས་འཕྲད་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན། དཀའ་སྤྱད་འབད་བརྩོན་བྱས་ནས་བྱུང་བའི་རྨང་གཞི་བརྟན་པོ་བཅས་ཡོད་པའི་དབང་གིས་ཡིན་པས། དུས་ཡུན་རིང་པོའི་ལས་ཀའི་ལག་ལེན་ཁྲོད་དུ་སྒྲུབ་པའི་སྤྱོད་གོ་ཆོད་པའི་བྱེད་ཐབས་མུ་མཐུད་མདུན་ཕྱོགས་སུ་ཁྱབ་སྤེལ་གཏོང་བ་དང་དངོས་སྒྲུབ་དང་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་ཚེ། རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་ཐུབ་ངེས་རེད།

དབུ་ཁྲིད་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་མ་ཐག་ཡིན་པ་དང་རྒྱལ་ཡོངས་དང་མཉམ་དུ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད། ང་ཚོས་སེམས་ཐག་གཙང་བཅད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གསུང་བཤད་གལ་ཆེན་དང་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། རང་འགུལ་ངང་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ལག་བསྟར་ཤུགས་ཆེན། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སྔར་བས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་སྔར་བས་དངོས་འཛིན་དངོས་སྒྲུབ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས།“དོན་ཆེན་བཞིར”ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ། དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན།

རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།

རྒྱལ་ཡོངས་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།

བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་དང་མི་རིགས་ཁག་གི་མི་དམངས་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།