ཝང་དབྱང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་།

1127777543_16293806358181n.jpg

པར་འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གནང་བཞིན་པའི་ཚུལ་རེད།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

རྒྱལ་ཡོངས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་དགའ་སྤྲོའི་རྟེན་འབྲེལ་ཞུ་བའི་མཚམས་འདིར། ང་ཚོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་དུས་བཟང་ཤར་ཡོད། ཟླ་བ་གོང་མར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70སོང་རིང་གི་བོད་ཀྱི་གོང་འཕེལ་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཛའ་བརྩེའི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་བསྣམས་ཕེབས་ཡོད། དེ་རིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་འཁྱེར་ཡོང་སྟེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་ཡིན། དང་ཐོག་ངས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་བོད་རང་སྐྱོང་ལྗོངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན། དུས་ཡུན་རིང་པོའི་ནང་བོད་ཀྱི་གོང་འཕེལ་དང་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དེ་ནི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་གྱི་བྱ་གཞག་དང་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་ཞིག་དང་། བོད་ལ་དུས་རབས་གསར་འབྱེད་ཀྱི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་ཡིན། དུས་དེ་ནས་བཟུང་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་དེ། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་ལངས་ཡོད།

ལོ་ངོ70ཡི་རིང་། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བསྐྱོད་བྱུང་བ། བོད་རྙིང་པར་ལོག་སྤྱོད་དང་གདུག་རྩུབ་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལག་བསྟར་བྱས་ནས་མི་ལ་རིམ་པ་ཁག་དགུར་ཕྱེ་སྟེ་རིམ་པ་དམའ་ཤོས་ཀྱི་ཞིང་བྲན་ལ་འགྲོ་བ་མིའི་ཐོབ་ཐང་དང་ལ་རྒྱ་རྩ་བ་ནས་མེད། ང་ཚོས་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་བཏང་ནས། ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་དང་ལྷ་དབང་གིས་སྲིད་དབང་ཁ་ལོ་སྒྱུར་བའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། མི་དམངས་དམངས་གཙོའི་སྲིད་དབང་ཡང་བཙུགས་ཡོད། ཡར་ལངས་བྱུང་ནས་བདག་པོར་གྱུར་པའི་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས “སྐུ་དྲག་གི་ཉི་མ་བཞུད་སོང་། ང་ཚོའི་ཉི་མ་ཤར་སོང”ཞེས་དགའ་འབོད་བྱེད་ཀྱི་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དང་བསྟུན་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འདྲ་མཉམ་ཐོག་རྒྱལ་ཁབ་ཀྱི་བྱ་བར་དོ་དམ་བྱེད་པར་ཞུགས་པ་དང་ས་གནས་དེ་གའི་བྱ་བར་རང་བདག་ངང་དོ་དམ་བྱེད་པའི་དབང་ཆ་འགན་སྲུང་གང་ལེགས་བྱས་ཡོད། མིག་སྔར་བོད་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི3.5དང་སྲིད་གྲོས་ཀྱི་ཨུ་ཡོན་མི་གྲངས་8000ལས་བརྒལ་ཞིང་། དེའི་ནང་གྲངས་ཉུང་མི་རིགས་ཀྱིས90%ཡན་བཟུང་ཡོད།

ལོ་ངོ70ཡི་རིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། བོད་རྙིང་པར་ཞིང་འབྲོག་ལས་ཐད་གནམ་ཆུ་ཁོ་ན་བསྒུགས་ནས་འཚོ་བ་སྐྱེལ་དགོས་པ་དང་། བཟོ་ལས་ནི་རྩ་བ་ནས་མེད་ལ་ཟི་ལིང་ནས་ལྷ་ས་བར་ཕར་འགྲོ་ཚུར་འོང་བྱེད་པར་ལོ་ཕྱེད་ཡན་འགོར་གྱི་ཡོད། 1951ལོར་བོད་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.3ལས་མེད་པ་དང་། 2020ལོར་སྒོར་དུང་ཕྱུར1900ལས་བརྒལ་ཡོད། ད་ལྟ་བོད་ལྗོངས་ལ་ལོ་རེར་འབྲུ་རིགས་ཐོན་འབོར་ཏུན་ཁྲི100ཡན་ཟིན་ཞིང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་འབྱུང་འཕྲོད་བཟོ་ལས། དྭངས་གཙང་ནུས་རྒྱུ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཡུལ་སྐོར་བ་མི་ཐེངས་དུང་ཕྱུར1.6ལ་སྣེ་ལེན་ཞུས་ཡོད། རྨང་གཞིའི་སྒྲིག་བཀོད་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་ཅིང་། “བསྐྱར་དར་རྟགས་ཅན”གངས་རི་ར་བའི་པང་དུ་འཁྱུག་བགྲོད་བྱེད་པ་དང་། སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། མཁའ་ལམ140རྒྱལ་ཁབ་ཕྱི་ནང་ལ་སྦྲེལ་མཐུད་བྱས་པ། གྲོང་ཚོ་ཚང་མར4Gདྲ་རྒྱ་ཁྱབ་པ། མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡི་རི་མཐོ་གཡང་གཟར་བརྒལ་ནས་བོད་ལ་གློག་མི་འདང་བ་དང་དཀོན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། གནའ་བོའི་ངོ་མཚར་ཆེ་བའི་གངས་ལྗོངས་ས་མཐོར་མི་རྣམས་དགའ་འོས་པའི་རྣམ་པ་གསར་རྐྱང་ཤར་ཡོད།

ལོ་ངོ70ཡི་རིང་། བོད་མི་དམངས་ཀྱི་འཚོ་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། བོད་རྙིང་པར90%ཡན་གྱི་མི་རྣམས་གོས་ཀྱིས་ལུས་མི་དྲོས་པ་དང་ལྟོས་གྲོད་པ་མི་རྒྱགས་པའི་ཁར། མི་95%ཡན་ཡིག་རྨོངས་རེད། དེ་རིང་གི་བོད་ལྗོངས་སུ་མི་རིགས་ཁག་གི་མང་ཚོགས་རྣམས་ལྟོ་གོས་ལ་སེམས་ཁྲལ་མེད་ཅིང་། མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ40ཙམ་ཟིན་པ་དང་། ལོ15ཡི་རིང་གཞུང་དངུལ་སློབ་གསོ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ། ཡུན་རིང་སློབ་གྲྭར་འགྲོ་མཚམས་བཞག་པའི་གནད་དོན་ལོ་རྒྱུས་རང་བཞིན་གྱིས་མེད་པར་གྱུར་པ། དེ་བཞིན་ཐུམ་འབུའི་ནད་དང་། གྲུམ་བུ་ཚིཌ་ཆེན་ནད། ལྷན་སྐྱེས་སྙིང་ནད་སོགས་ཡུལ་ནད་རིགས་ལོ་རྒྱུས་རང་བཞིན་གྱིས་མེད་པར་བཟོས་པ་དང་འགོག་བཅོས་བྱས་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ1951ལོའི་ལོ་ན35.5ཡིན་པ་ནས་ལོ་ན71.1བར་རིང་དུ་ཕྱིན་པ། མི་སེར་གྱི་འཚོ་བའི་སྤུས་ཚད་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། འབྲི་ཆུའི་འགྲམ་ནས་སེང་གེ་ཁ་འབབ་བར་དང་། ཡར་ཀླུང་གཙང་པོའི་རོང་ས་ནས་བོད་བྱང་ཐང་བར་བདེ་སྐྱིད་ལྡན་པའི་གླུ་དབྱངས་བོད་ཀྱི་ས་ཕྱོགས་གང་སར་ཁྱབ་ཡོད།

ལོ་ངོ70ཡི་རིང་། བོད་ཀྱི་མི་རིགས་མཐུན་སྒྲིལ་ལ་ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་བྱུང་བ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་མི་རིགས་དབར་མཐོང་ཆུང་དང་མི་རིགས་དབར་གྱི་འཁོན་འགྲས་རྩ་མེད་བཟོས་པ་དང་། ཏཱ་ལའི་རུ་ཚོགས་དང་རྒྱལ་ཕྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ཕམ་ཉེས་སུ་བཏང་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་ནས་མི་རྒྱུ་དངུལ་གསུམ་ཕོན་ཆེན་བཏང་སྟེ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་དང་། བོད་སྐད་ཡིག་བེད་སྤྱོད་རྒྱ་ཆེར་བྱས་པ། 《གླིང་སྒྲུང》སོགས་བརྩམས་ཆོས་མྱུར་སྐྱོབ་དང་ལེགས་སྒྲིག་བྱས་པ། དེ་བཞིན་ཐང་ག་དང་། ལྷ་མོ། བོད་ལུགས་གསོ་རིག་སོགས་ཀྱི་རྣམ་གྲངས་ཁག800ཙམ་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་བཅུག་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཆོས་ལུགས་ལ་དད་པ་བྱེད་པར་བརྩི་འཇོག་གང་ལེགས་ཐོབ་ཅིང་། ལྗོངས་ཡོངས་ཀྱི་དགོན་སྡེ1700ལྷག་ཙམ་ལ་ཆུ་གློག་དང་། དྲ་རྒྱ། མེ་ཟོན་སོགས་ཀྱི་སྒྲིག་བཀོད་ཡོངས་སུ་ཁྱབ་པར་བྱས་པ་དང་། གྲྭ་བཙུན་ཁྲི4.6ཚང་མར་སྲིད་གཞུང་གི་སྤྱི་ཚོགས་འགན་སྲུང་ལོངས་སུ་སྤྱོད་རྒྱུ་བྱུང་བ། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་དགོན་སྡེའི་གནའ་ཤུལ་ལ་ཞིག་བཟོ་དང་སྲུང་སྐྱོབ་ཐུབ་ཡོད། དེ་རིང་གི་བོད་ལྗོངས་ནི། ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡིན་ལ། མི་རིགས་ཁག་གི་མི་དམངས་རྣམས་ནི་ཇ་དང་ཚྭ་བཞིན་ཕན་ཚུན་བརྩེ་སེམས་ཟབ་མོས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་དགའ་སྐྱིད་ཞི་མཐུན་ངང་གནས་བཞིན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་གོང་འཕེལ་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་དུས་རབས་གསར་པར་བསྐྱོད་ཡོད། དཔལ་འབྱོར་ལོ་རེའི་ཆ་སྙོམས་འཕར་ཚད་དེ་རྒྱལ་ཡོངས་ཀྱི་རིམ་པ་གསུམ་པར་སླེབས་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གྲངས་གནས13འཕར་ཡོད། བོད་ལྗོངས་ནི་དེ་སྔ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཉག་གཅིག་དེ་ཡིན་ཞིང་། དབུལ་ཕོངས་ཀྱི་ཚད་གཞི་ཤུགས་ཆེ་ཤོས་དང་། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་གྱི་དཀའ་གནད་ཆེ་ཤོས་བཅས་ཡིན། རྒྱུན་སྲིང་ལྷོད་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་དབུལ་ཕོངས་མི་འབོར་ཁྲི62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། མི་ཁྲི26.6རི་མཐོ་ལུང་ཁུག་གི་དཀའ་སྡུག་ཆེ་ས་ནས་ལུང་གཞུང་གྲོང་རྡལ་དུ་གནས་སྤོས་ཀྱིས་བདེ་སྡོད་ལས་བརྩོན་བྱུང་ཞིང་། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱུང་ཡོད།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ཡི་རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་ལས་གནམ་ས་བརྗེ་སྒྱུར་གྱི་མི་ཡུལ་གྱི་ངོ་མཚར་བཏོད་པ་དེ་ནི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་ལས་བྱུང་བའི་འབྲས་བུ་ཞིག་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འབུངས་ཡར་བརྩོན་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་ལས་བྱུང་བའི་འབྲས་བུ་ཞིག་བཅས་ཡིན། དུས་ཡུན་རིང་པོའི་ནང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས། ངལ་བ་ཁྱད་དུ་བསད་དེ་བླ་ན་མེད་པའི་རྒྱལ་ཁོངས་བསྲུངས་ཤིང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད། ལས་བྱེད་ཤེས་ལྡན་པ་ཁྲི་སྟོང་མང་པོས་ཏང་གི་འབོད་སྐུལ་དང་དུ་བླངས་ཏེ་བོད་ལྗོངས་ཀྱི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་མ་ཟད། གནམ་འཐབ་ས་འཐབ་ཀྱི་དཔའ་ཉམས་དང་བློ་སྟོབས་ལ་བརྟེན་ནས་གནམ་ས་བརྗེ་སྒྱུར་གྱི་འོད་སྟོང་འཕྲོ་བའི་མཛད་རྗེས་བཏོད་ཡོད། ཁྱེད་རྣམ་པའི་རྔུལ་ཆུ་དང་གྲུབ་འབྲས་རྣམས་རླབས་ཆེན་མེས་རྒྱལ་གྱི་གོང་འཕེལ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་འདུས་ཐུབ་ལ། ཁྱེད་རྣམ་པའི་འབད་འཐབ་དང་ལེགས་སྐྱེས་ཕུལ་བ་རྣམས་ནམ་ཡང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་རྡོ་རིང་ཐོག་འཁོད་ཐུབ། སྐབས་འདི་དང་བསྟུན་ནས་ང་ཚོས་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་དང་། མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཆེད་ལང་ཚོ་དང་ཐ་ན་ཚེ་སྲོག་ལེགས་སྐྱེས་སུ་འབུལ་མཁན་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཟབ་མོ་ཞུ་རྒྱུ་དང་། ཁོང་ཚོའི་རླབས་ཆེན་གྱི་མཛད་རྗེས་དང་བླ་ན་མེད་པའི་ཉམས་བཟང་དེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་ཇི་སྲིད་བར་འཁོད་རྒྱུ་རེད།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

དེང་གི་འཛམ་གླིང་འདིར་ལོ་བརྒྱའི་རིང་སྔར་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་སླེབས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཟིན་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལེའུ་གསར་པ་ཞིག་རྩོམ་ཆེད་འབད་བརྩོན་བྱེད་དགོས།

—— ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་ཡོང་མི་སྲིད་ལ། བོད་ལྗོངས་གསར་པའང་ཡོང་མི་སྲིད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཚེ། གཞི་ནས་བོད་ལྗོངས་གོང་འཕེལ་དང་དར་རྒྱས་ཡོང་ཐུབ་ངེས་ཡིན་པ་དེ་ལོ་ངོ70ཡི་འཕེལ་རིམ་ལས་ར་སྤྲོད་ཐུབ་པའི་བདེན་དོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ནས་ཏང་གི་འགོ་ཁྲིད་ནི་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཞིག་ཡིན་པ་དང་། ད་ཆའི་བདེ་སྐྱིད་ཀྱི་འཚོ་བ་འདི་གང་ནས་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་འདི་སུ་ཞིག་གིས་འབད་འབུངས་བྱས་པ་ལས་བྱུང་བ་ཡིན་པ་ཚོར་ཤེས་ཟབ་མོ་ཐུབ་པ་བྱེད་རྒྱུ་མ་ཟད། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་གནས་ལུགས་གསལ་རྟོགས་ཀྱིས་དད་སེམས་འཕེལ་བ་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།

—— བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་སྲ་བརྟན་གཏོང་དགོས། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་འགྲོ་བཞིན་ཡོད་པའི་གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་གསར་གཏོད་བྱེད་རྒྱུ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམ་པོར་བརྟེན་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་རྒྱུ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ལོ་ངོ70ཡི་རིང་གི་བོད་ལྗོངས་གོང་འཕེལ་གྱི་ལོ་རྒྱུས་འཕེལ་རིམ་ལས་མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པ་ར་འཕྲོད་ཐུབ་ཡོད། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཇི་འདྲ་ཞིག་ཡིན་རུང་། བོད་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་དབང་གཏན་ནས་མེད་པ་དང་། བོད་ཁ་ཕྲལ་གཏོང་བའི་ལྐོག་གཡོ་དང་ངན་ཇུས་གང་ཞིག་བཤམས་རུང་ཚང་མ་ཕམ་རྒྱུ་ཉག་གཅིག་རེད།

—— ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་པས་ཁྱིམ་ཚང་འཆམ་མཐུན་བྱུང་ན་བྱ་བ་ཐམས་ཅད་དར་ཞིང་རྒྱས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་མི་རིགས་ཁག་གི་སེམས་པ་གཅིག་ཏུ་ཕྱོགས་པ་དང་། ངར་ཤུགས་གཅིག་ཏུ་བསྒྲིམས་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ། དེ་བཞིན་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། རིག་གནས་ཀྱི་མོས་སེམས་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་འཆང་ས་དང་སེམས་ཀྱི་བརྟེན་ས་ཡིན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་གཟུགས་བརྙན་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་ཏེ། གསར་གཏོད་རང་བཞིན་གྱི་ལེགས་སྒྱུར་དང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས།

—— མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། གོང་འཕེལ་གཏོང་རྒྱུ་དེ་ཐུན་མོང་ཐོག་ཕྱུག་འགྱུར་དང་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི་ཡིན་ཞིང་། བོད་ཀྱི་གོང་འཕེལ་མཐའ་དག་ལ་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་ཐོག་ནས་ལག་བསྟར་ཐུབ་པ་བྱེད་རྒྱུ་མ་ཟད། གོང་འཕེལ་གྱི་རྣམ་པ་གསར་པར་གཞོགས་འདེགས་དང་རྣམ་པ་གསར་པའི་ནང་ཞུགས་ཏེ་བོད་ཀྱི་དོན་དངོས་དང་འཚམ་ལ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་སྟེ། མཐའ་དར་དམངས་ཕྱུག་གི་ལས་འགུལ་གཏིང་ཟབ་སྤེལ་རྒྱུ་དང་། དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་ཡག་པོ་བསྒྲུབས་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་ཡུན་རིང་བ། བདེ་འཇགས་ཚོར་སྣང་དེ་བས་འགན་སྲུང་ཡོད་པ་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་བོད་ཀྱི་གོང་འཕེལ་ཐད་མ་དངུལ་གཏོང་རྒྱུ་དང་རོགས་སྐྱོར་བྱེད་རྒྱུ་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་མི་སྲིད། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་གནང་བ་དེ་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཚེ། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་དམིགས་ཚད་འགྲུབ་ངེས་ཡིན།

—— རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་དགོས། མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཡིན་ཞིང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་གོང་འཕེལ་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས། སྐྱེ་ཁམས་སྔོན་སྤེལ་དང་འབྱུང་འཕྲོད་གོང་འཕེལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། གལ་ཆེའི་སྐྱེ་ཁམས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། རི་དང་། ཆུ། ནགས། ཞིང་། མཚེའུ། རྩྭ། བྱེ་མ། འཁྱགས་རོམ་བཅས་ལ་གཅིག་གྱུར་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་ནས་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཞིག་ཏུ་གཏོད་པར་རྒྱབ་སྐྱོར་དང་། སྐྱེ་ཁམས་ཕྱོགས་བསྡུས་སྐྱོང་གསབ་ཀྱི་ཚོད་ལྟ་སྤེལ་བར་རྒྱབ་སྐྱོར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ལ་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད་པས། གངས་ལྗོངས་ས་མཐོའི་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ་བཅས་ཡོང་བ་ང་ཚོར་ཡིད་ཆེས་དང་ནུས་པ་ཡོད།

བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

བརྗིད་ཉམས་ཆེ་བའི་རི་བོ་ཧི་མ་ལ་ཡས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་འཕོ་འགྱུར་ཆེན་པོ་ར་སྤྲོད་ཐུབ་པ་དང་། ལང་ལོང་དུ་རྒྱུག་པའི་ཆུ་མོ་ཡར་ཀླུང་གཙང་པོས་དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་དང་ཡར་ཐོན་གྱི་བརྗིད་ཆེའི་སྙན་དབྱངས་ལེན་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་འཛུགས་སྙིང་སྟོབས་རླབས་ཆེན་དར་སྤེལ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

རླབས་ཆེན་གྱི་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

བཀྲ་ཤིས་བདེ་ལེགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།