འཛམ་གླིང་ཡང་རྩེའི་ཡང་རྩེ། འཕེལ་རྒྱས་གོམ་སྟབས་མྱུར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་70རིང་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད། མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་གྲ་རྒྱས་གོང་འཕེལ་བྱུང་ཞིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་བྱུང་ཡོད། 2020ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་68.6ཟིན་པ་དང་། ལྗོངས་ཏང་ཨུད་ཀྱི“དཔལ་འབྱོར་ལས་དོན་ཚང་མ་དམངས་འཚོའི་ལས་དོན་ཡིན་པའི”བཀོད་སྒྲིག་བླང་བྱར་གཞིགས་ནས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ལོ་5བསྟུད་མར་མ་དངུལ་སྒོར་དུང་ཕྱུར་378བསྡུ་སྒྲིལ་བྱས་ཏེ“དམངས་འཚོའི་འདུ་འགོད་ཆེ་གྲས་བཅུ”ལག་བསྟར་བྱས་པས། མང་ཚོགས་ཕྱིར་སྐྱོད་དཀའ་བ་དང་། གནས་སྡོད་དཀའ་བ། ཚལ་རིགས་དཀོན་པ། དྲོད་ལེན་དཀའ་བ། གསོ་རླུང་དཀོན་པ་སོགས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱུང་ཡོད། འོས་འགན་སློབ་གསོའི“100%རེ་ལྔའི”དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང“1+7”རིམ་པའི་སྨན་ཁང་གཏོད་འཛུགས་ལ་སྐུལ་འདེད་ཏན་ཏིག་བཏང་བས་འགན་བཅོལ་རིགས་སྣ་ཚོགས་ནང་ཞུགས་མཁན་བསྡོམས་མི་ཐེངས་ཁྲི་21.8ཟིན་ཏེ་དམངས་འཚོའི་བདེ་འཇགས་དྲ་བ་བརྟན་དུ་བཏང་བ་རེད།

ལོ་ངོ་70རིང་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད། མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་ཞི་མཐུན་བརྟན་ལྷིང་བྱུང་ནས་སྲིད་འཛིན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མུག་ཟར་ངོ་རྒོལ་དང་། ཁ་ཕྲལ་ལ་ངོ་རྒོལ། དྲག་པོའི་འཇིགས་སྐུལ་ལ་ངོ་རྒོལ་བཅས་ཀྱི་འཐབ་རྩོད་གཏིང་ཟབ་སྤེལ་བས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99.8%ཟིན་ནས“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་གྱུར”ཡོད། 2020ལོར་མངའ་རིས་ས་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་ལ་གཏོད་འཛུགས་བྱས་པ་དང་ཆབས་ཅིག ཞིབ་ཚགས་པའི་རྩ་འཛུགས་མ་ལག་གིས་འདེགས་སྐྱོར་དང་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ“བོད་ནུབ་གདོང་ལེན། གསར་བརྗེའི་མངའ་རིས”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་པ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་རྩེ་གྲ་བརྒྱ་དང་། ཏང་འཛུགས་སྐྱོང་གི་སྤུས་རྟགས་དཔེ་སྟོན་གྲོང་ཚོ་དང་གསར་དར་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་33བཏོད་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་དག་ཐེར་བྱས་པ། རྫོང་དང་ཤང་གི་གཅིག་སྡུད་སྐབས་བརྗེར་དམ་འཛིན་ཏན་ཏིག་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་། གནད་དོན་འཕྲད་སྐབས་མགོ་བོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་ཁའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་འཛུགས་སྐྱོང་བྱས་ཡོད།

ལོ་ངོ་70རིང་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད། མངའ་རིས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། 2020ལོར་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གྲྭ་དངོས་སུ་ལས་གཉེར་བྱས་པ་དང་། གཞུང་ལམ་G317དང་G216ལམ་ཐིག་ཧྲིལ་པོ་སྦྲེལ་མཐུད་ཐུབ་པ། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་2.13ཟིན་པ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་གཞུང་ལམ་ཤར་བགྲོད་ཐུབ་ཚད་100%དང་། 95% 85%བཅས་སོ་སོར་ཟིན་པ་དང་། སྲིད་འཛིན་གྲོང་ཚོར་འཕྲིན་གཏོང་དང་སྦྲག་སྲིད་ཤར་གཏོང་ཐུབ་ཚད་100%ཟིན་པ། སེང་གེ་ཁ་འབབ་གྲོང་རྡལ་དུ་5Gདྲ་རྒྱ་ཕྱོགས་ཡོངས་ནས་ཁྱབ་ཡོད། རྫོང་5ཡི་རྫོང་གྲོང་དང་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་14རུ་གཅིག་སྡུད་དྲོད་རླངས་མཁོ་འདོན་ཐུབ་པ་དང་། རྫོང་7གྱི་རྫོང་གྲོང་དང་ཤང་དང་གྲོང་རྡལ་37ལ་གཅིག་སྡུད་གསོ་རླུང་མཁོ་འདོན་ཐུབ་པ། ས་ཁུལ་ཧྲིལ་པོ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་30%ཟིན་པ་བཅས་བྱུང་ནས་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་རིམ་བཞིན་མངོན་གསལ་དོད་དུ་སོང་ཡོད། དེ་དང་ཆབས་ཅིག རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་ལས་ཁུངས་དང་ཚན་པའི་སྒོ་ར་སྔོ་འགྱུར་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་པ་དང་། སེང་གེ་ཁ་འབབ་གཤོང་སའི་སྐྱེ་དངོས་ཀྱི་བྱེ་འགོག་བྱེ་བཅོས་ལས་གྲྭར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། ལས་གྲྭའི་ནཌ་བཟོ་མུའུ་ཁྲི་5.3ལེགས་སྒྲུབ་བྱས་པ། ལྗོན་ཤིང་རྐང་ཁྲི་885བཙུགས་པ། རྩྭ་སོན་མུའུ་6100བཏབ་པས་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱེ་རླུང་བཀག་འགོག་ནུས་ལྡན་ཐུབ་ཡོད། “གསང་སྤྱོད་གསར་བརྗེར”སྐུལ་འདེད་ཏན་ཏིག་བཏང་ནས་དུད་ཚང་གི་གསང་སྤྱོད་11656བར་མང་དུ་ཕྱིན་པ་དང་སྤྱི་པའི་གསང་སྤྱོད་425བར་མང་དུ་ཕྱིན་ཡོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་རྫོང་6གི་རྫོང་གྲོང་གི་ཕྱོགས་བསྡུས་མདོང་ལམ་དང་། ཆུ་མཁོ་འདོན་དང་ཆུ་འབུད། བཙོག་ཆུ་གཙང་བསིང་རྣམ་གྲངས་བཅས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། རྫོང་7གྱི་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དང་། ཚད་གཞི་ཉུང་གཏོང་ཅན། གནོད་མེད་ཅན་བཅས་ཀྱི་ཐག་གཅོད་དམིགས་ཚད་ལོན་པ་དང་མཁའ་རླུང་ལེགས་པའི་ཉིན་གྲངས་99%ཡན་ཟིན་ཡོད། 2020ལོའི་ཟླ་10པར་མངའ་རིས་ས་ཁུལ་ལ་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུས་ཁག་བཞི་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ས་ཁུལ་གྱི་མཚན་སྙན་སྤྲད་པ་རེད།

ལོ་ངོ་70རིང་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད། མངའ་རིས་ས་ཁུལ་གྱི་མཐའ་སྟོབས་བྱ་གཞག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་དམག་དམངས་ཉ་ཆུ་ལྟར་གྱི་བརྩེ་བ་ཟབ་མོ་མཉམ་དུ་བཏོད་ཡོད། དམག་དཔུང་འདུས་སྡོད་དང་དམངས་བདེ་ཟུང་དུ་སྦྲེལ་ནས་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས། མཐའ་སྟོབས་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་37བསྐྲུན་པས་མང་ཚོགས་དུད་ཚང་5756གི་མི་21205ལ་ཕན་པ་ཐོབ་ཡོད། མཐའ་མཚམས་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་བགྲོད་ཐུབ་ཚད་90%དང་87%སོ་སོར་ཟིན་པ་དང་། མཐའ་མཚམས་ཤང་དང་གྲོང་ཚོར་སྦྲག་སྲིད་ཤར་གཏོང་ཐུབ་ཚད་100%ཟིན་པ། སྲིད་འཛིན་གྲོང་ཚོར་འཕྲིན་གཏོང་ཤར་གཏོང་ཐུབ་ཚད་98%ཟིན་ཡོད། སྤུ་ཧྲེང་གི་རྩམ་པ་དང་། རྩྭ་མདའི་ཀུ་ཤུ། སྒར་རྫོང་གི་སྔོ་ཚལ། རུ་ཐོག་གི་ཁུལ་ལྡན་ར་དཀར་པོ་སོགས་ཁྱད་ལྡན་ཐོན་ལས་ལ་གཞི་ཁྱོན་རགས་ཙམ་ཆགས་ཡོད། མཐའ་མཚམས་ཀྱི་རྫོང་4ཚང་མ་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་1906གི་མི་གྲངས་6703ཚང་མ་དབུལ་སྒྲོལ་བྱུང་བ། མཐའ་མཚམས་རྫོང་གི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ས་ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།