བྱང་ཐང་འབྲོག་ལས་དར་བ། སྐྱེ་ཁམས་ཁོར་ཡུག་བཟང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་70ཡི་གོང་། ནག་ཆུའི་དཔལ་འབྱོར་སྤྱིར་ན་སྲོལ་རྒྱུན་གྱི་འབྲོག་ལས་ཁོ་ནར་བརྟེན་པས་དངོས་ཟོག་མང་པོ་མེད་ལ་ཐོན་ལས་ཀྱང་ཧ་ལམ་གཅིག་ཀྱང་མེད་པས་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་པོ་ཡོད། ལོ་ངོ་70ཡི་རིང་། ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་མང་པོའི་ཐད་ཚད་བརྒལ་གསར་པ་བྱུང་ནས་རིམ་པ་དམའ་བ་དང་ཆུ་ཚད་དམའ་བ་ནས་རིམ་པ་མཐོ་བ་དང་ཆུ་ཚད་མཐོ་བའི་བར་གྱི་འཕེལ་རྒྱས་བརྒྱུད་དཔལ་འབྱོར་ལམ་ལུགས་དང་། དཔལ་འབྱོར་གྲུབ་ཆ། དཔལ་འབྱོར་འཕར་ཚད་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1990ལོའི་སྒོར་དུང་ཕྱུར་2.95ནས་2020ལོའི་སྒོར་དུང་ཕྱུར་171.41བར་ལྡབ་58འཕར་བ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་1985ལོའི་སྒོར་ཁྲི་5404ནས་2020ལོའི་སྒོར་དུང་ཕྱུར་29.08བར་ལྡབ་54འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1980ལོའི་སྒོར་640.75ནས་2020ལོའི་སྒོར་41635བར་ལྡབ་65འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1980ལོའི་སྒོར་175.55ནས་2020ལོའི་སྒོར་13651བར་ལྡབ་78འཕར་བ། ཐོན་ལས་གསུམ་གྱི་གྲུབ་ཆ་1990ལོའི་85:1:14ནས་12.5:31.7:55.8ལ་ལེགས་སྒྲིག་བྱས་པ། ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོཌ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

ལོ་ངོ་70ཡི་རིང་། ནག་ཆུས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་པ་དང་ལག་ལེན་བསྟར་བས་དབུལ་སྒྲོལ་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་འགག་གནད་དང་ཚད་བརྒལ་བྱེད་ས་ཡང་དག་འཚོལ་བ་དང་། “4+6”གི་དབུལ་སྐྱོར་བྱ་ཐབས་བཟོས་ནས་ལག་ལེན་བསྟར་བ། སྤྱི་ཚོགས་ཡོངས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་པས་ནག་ཆུའི་ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རིམ་རྩིས་བྱས་ན། དུད་ཚང་31907གྱི་མང་ཚོགས་དབུལ་པོ་137033དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་1173ཚང་མ་དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་1དང་ཤིན་ཏུ་དབུལ་བའི་རྫོང(ཆུས)10ཚང་མ་དབུལ་ཞྭ་ཕུད་ནས་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་སེལ་ཐུབ་ཡོད། དུད་ཚང་12654ཡི་མི་50335ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་དང་ཐོན་ལས་དབུལ་སྐྱོར་རྣམ་གྲངས་404བསྐྲུན་པས་དབུལ་པོའི་གནས་ལས་རྦད་དེ་སྒྲོལ་བ་དང་དབུལ་པོའི་རྩ་བ་དྲུང་ནས་འབྱིན་ཡོད།

ལོ་ངོ་70ཡི་རིང་། ནག་ཆུས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ཞིང་། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་པས་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་ཕྱིན་ཡོད། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་337གྱི་ཨང་18པར་སླེབས་པ་དང་། གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་སྟོན་གྲངས་ལེགས་ཚད་98%ཡན་ཟིན་ཡོད། རྫོང(ཆུས)ཁག་གི་རྫོང་ཁོངས་ཀྱི་ཆུའི་སྤུས་ཀ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་ཀྱི་ཆུའི་སྤུས་ཀ གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་སྤུས་ཀ་བཅས་ཀྱི་ཚད་གཞི་ལོན་ཚད་100%ཟིན་ཡོད།

ལོ་ངོ་70ཡི་རིང་། ནག་ཆུས་ནང་གནས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཐོན་ལས་འཛུགས་གཏོད་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་འཚོལ་ཞིབ་དང་ལག་བསྟར་བྱས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1540འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་པ་ཁྲི་32.29སྐུལ་ཁྲིད་བྱས་པས་འབྲོག་ལས་འཕེལ་རྒྱས་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་ཐུབ་ཡོད།

ལོ་ངོ་70ཡི་རིང་། ནག་ཆུས་དམངས་འཚོ་འགན་ལེན་དང་ལེགས་སུ་མངོན་གསལ་དོད་པོ་བཏང་བས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ནག་ཆུ་གྲོང་ཁྱེར་དུ་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཁྱོན་9190ཡོད་པ་ལས་མི་8886ལས་ཞུགས་ཐུབ་པ་དང་ལས་ཞུགས་ཐུབ་ཚད་96.69%ཟིན་པ་དང་། ཞིང་འབྲོག་པ་ཁྲི་36.29ལས་ཞུགས་གཞན་སྒྱུར་བྱས་པར་འབབ་འཕར་སྒོར་དུང་ཕྱུར་31.57བྱུང་ཡོད། རྫོང(ཆུས)7རྒྱལ་ཁབ་རིམ་པའི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་པ་དང་། རྫོང་5བྱང་ཚད་སློབ་གསོའི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་པ། “100%ལྔའི”སློབ་གསོའི་དམིགས་ཚད་ལས་འགན་མུ་མཐུད་བརྟན་དུ་སོང་ཡོད། སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པ་སོགས་ཀྱི་སྨན་ཁང་བསྐྲུན་པ་དང་། རྫོང་མི་དམངས་སྨན་ཁང་7གྱིས་རིམ་ལྡན་སྨན་ཁང་བསྐྲུན་པ། མི་སྟོང་རེར་ཉལ་ཁྲི་4.3དང་སྨན་བཅོས་མི་སྣ་4.1ཡོད་པ་མངོན་འགྱུར་བྱུང་བ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པ་ཁྱོན་ཡོངས་ལ་ཁྱབ་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་64.3ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།