ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྗིད་ཆགས་ལྷུན་གྱིས་གྲུབ་པའི་རི་བོ་ཇོ་མོ་གླང་མས་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོར་དཔང་པོ་བྱེད། གཡུ་འབྲུག་སྔོན་མོ་འཁྱུག་པ་ལྟར་གྱི་ཆུ་བོ་ཡར་ཀླུང་གཙང་པོས་སྙན་ངག་རིང་མོ་གྱེར་འདོན་བྱེད།
ལོ་ངོ་70ཡི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག གཞིས་རྩེའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་ཀྱིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དུས་ཡུན་རིང་པོར་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ནས། དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཞི་མཐུན། སྐྱེ་ཁམས་བཟང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་འཛུགས་ཤུགས་སྣོན། མི་དམངས་བདེ་སྐྱིད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་པས། བྱ་གཞག་ཁག་ལོ་རྒྱུས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་ཡོད།
གྲངས་གཞི་ལས་མངོན་པར། གཞིས་རྩེ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་0.41ནས་2020ལོའི་སྒོར་དུང་ཕྱུར་322.78བར་འཕར་ནས་ལྡབ་208འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་1959ལོའི་སྒོར་ཁྲི་77.3ནས་2020ལོའི་སྒོར་དུང་ཕྱུར་15.67བར་འཕར་ནས་ལྡབ་2026འཕར་ཡོད།
རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་ཞིང་། གཞུང་ལམ་དྲ་བ་རིམ་གྱིས་གྲུབ་པ་དང་། ལྕགས་ལམ་ཤར་གཏོང་ཐུབ་པ། མཁའ་འགྲུལ་ཕྱོགས་བཞིར་ཤར་གཏོང་བཅས་ཐུབ་ཡོད། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་2.03ཟིན་པ་དང་། ལྷ་གཞིས་ལྕགས་ལམ་དང་ཞི་བདེ་གནམ་ཐང་གིས་གཞིས་རྩེ་དང་འཛམ་གླིང་ས་ཕྱོགས་ཁག་དབར་གྱི་ལམ་ཐག་སྔར་བས་ཇེ་ཐུང་དུ་ཕྱིན་པ། ལ་ལྷོ་ཆུ་བེད་དང་། ཤངས་ཆུ་ཆུ་བེད། ཕྱྭ་གཡང་ཆུ་མཛོད་སོགས་ཆུ་བེད་ལས་གྲྭ་གལ་ཆེན་གྱིས་གྲམ་ཐང་ཞིང་ས་གཤིན་པོར་གྱུར་པ། “ཁུལ་གསུམ་ཀྲོའུ་གསུམ”གྱི་ཞིང་དྲ་སྒྱུར་བཀོད་རིམ་སྤོར་དང་མངའ་རིས་གློག་དྲ་སྦྲེལ་མཐུད་ལས་གྲྭ་ཡིས་ཐག་རིང་ལུང་ཁུག་མང་ཚོགས་ཀྱི་འཚོ་བའི་གློག་སྤྱོད་གནད་དོན་བསལ་བ། གྲོང་ཚོ་དང་དུད་ཚང་དུ་དྲ་བ་ཁྲིད་པས་བརྙན་ལམ་སྦྲེལ་མཐུད་དང་། དྲ་ཐོག་ཟོག་ཉོ། སྒུལ་བདེའི་གཏོང་སྤྲོད་བཅས་འཚོ་བ་སྐྱེལ་སྟངས་གསར་པ་ཞིག་ཏུ་གྱུར་ཡོད།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྤུས་འབོར་གཉིས་ལྡན་བྱུང་ཞིང་། ཞིང་འབྲོག་ཁུལ་གྱི་ཐོན་ལས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “སྐུལ་ཁྲིད་གསུམ་ལ་སྐུལ་འདེད་དང་ཕྱོགས་མང་མཐུན་སྦྱོར”བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ལྡན་འདེབས་གསོ་ལས་སྣོན་དང་། རིག་གནས་ཡུལ་སྐོར་ཐོན་ལས། གྲངས་འཛིན་ཐོན་ལས་སོགས་དམིགས་བསལ་གྱི་ལེགས་ཆ་དང་རྗེས་ཐོན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།
སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཏན་ཏིག་བཏང་ནས་ཇོ་མོ་གླང་མའི་གྲོང་ཁྱེར་མ་འཇོག་དང་། ཇོ་མོ་གླང་མའི་ཞིང་ལས་མ་འཇོག ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བཅས་ཐོན་ལས་ཚོགས་པ་ཆེན་པོ་གསུམ་ནུས་ཤུགས་ཡོད་རྒུས་བཏོད་དེ། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་དངུལ་འབོར་སྒོར་དུང་ཕྱུར་400.28ཟིན་པ་དང་ཚོང་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་4.21ཟིན་ཡོད། “རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་། “འགག་སྒོའི་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་གཏོང་བ། “འགག་སྒོ་དང་ལས་སྣོན”ཟུང་འབྲེལ་དང་། “འགག་སྒོ་དང་ཚོང་དོན་ཟོག་འགྲེམས”ཟུང་འབྲེལ། “འགག་སྒོ་དང་ཡུལ་སྐོར”ཟུང་འབྲེལ། “འགག་སྒོ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ”ཟུང་འབྲེལ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། “བགྲོད་ལམ་དཔལ་འབྱོར”ནས“འགག་སྒོའི་དཔལ་འབྱོར”ལ་བསྒྱུར་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།
མི་འབོར་དབུལ་པོ་ཁྲི་17.29དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་1669དབུལ་པོའི་གནས་ལས་བསྒྲལ་བ། རྫོང་དང་ཆུས་དབུལ་པོ་18དབུལ་ཞྭ་ཕུད་པ་བཅས་བྱུང་ནས་གཞིས་རྩེ་གྲོང་ཁྱེར་གྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་བསལ་བ་དང་། ལོ་ངོ་སྟོང་གི་དབུལ་ཞྭ་ཕུད་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་རྒྱུས་སྙན་ངག་བརྩམས་ཏེ་འབྱོར་འབྲིང་སྤྱི་ཚོཌ་ཕྱོགས་ཡོངས་ནས་བསྐྲུན་པ་རེད།
ལོ་ངོ་70ཡི་རིང་མང་ཚོགས་ཀྱི་ཡོང་འབབ་ཉིན་བཞིན་མང་དུ་ཕྱིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱིས་སྔ་ཕྱི་བར་གསུམ་དུ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་དུ་བྱས་ནས། འབབ་འཕར་ཐབས་ལམ་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་གཏོང་བ་དང་འབབ་འཕར་གྱི་གཏིང་ཤུགས་སྔོག་འདོན་བྱས་ཡོད། མང་ཚོགས་ཉིན་བཞིན་ཕྱུག་འགྱུར་བྱུང་ནས་འཚོ་བ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། 2020ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13080ཟིན་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་24.04ལས་ཞུཌ་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་29.8བྱུང་ཡོད།
དམངས་འཚོའི་བྱ་གཞག་ཐད་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཞིང་། སློབ་གསོའི“བརྒྱ་བྱས་པ་ལྔའི”དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་སྟེ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་97.5%ཟིན་པ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་སྨན་རྩིས་ཁང“ཀ་པ་རིམ་པ་གསུམ་པར”གཏོད་རྒྱུ་ནས“ཀ་པ་རིམ་པ་གསུམ་པའི་སྟོབས་ཆེན་སྨན་ཁང”དུ་གྱུར་པ། “ནད་གཞི་འབྲིང་རིགས་གྲོང་ཁྱེར་ནས་སྨན་བཅོས་ཐུབ་པ་དང་ནད་གཞི་ཆུང་རིགས་རྫོང་ནས་སྨན་བཅོས་ཐུབ་པའི”བར་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས་གྲོང་མིའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ནད་ཆེན་འགན་བཅོལ་བཅས་ཡོངས་ཁྱབ་ཐུབ་ཡོད།
ལོ་ངོ་70ཡི་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མཚོ་བོད་ས་མཐོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་རྒྱུར་འབད་བརྩོན་བཅས་བྱས་པས། རང་འགུལ་ནས་རང་རྟོགས་དང་། གཞན་སྐུལ་ནས་རང་འགུལ། རྨོངས་ཚོད་ནས་ཚན་རིག་དང་མཐུན་པ་བཅས་བར་གྱི་ངོ་བོའི་མཆོང་སྐྱོད་བྱུང་ཡོད།
སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ཞིང་། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་རྒྱ་ཁྱབ་ངང་སྤེལ་བ་དང་། ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ། དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱེད་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ། འཚོ་བའི་གད་སྙིགས་རིགས་དབྱེ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་པས། ཉེ་བའི་ལོ་ཤས་རིང་རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི་280ལྷག་ཙམ་བྱས་པ་དང་། ནགས་ཚལ་ཁྱབ་ཚད་9.2%ཟིན་པ། རྩྭ་ཐང་དུ་སྔོ་ཁེབས་ཁྱབ་ཚད་51.82%ཟིན་པ། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.4%ཟིན་པ། ཆུ་བོ་དང་མཚོ་གཙོ་བོའི་ཆུ་སྤུས་IIIརིམ་པའམ་ཡང་ན་དེ་ལས་ལེགས་པར་སླེབས་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཇོ་མོ་གླང་མའི་ཕ་ཡུལ། འབྲུ་རིགས་སྣ་ལྔའི་བང་མཛོད།