སྐྱེ་ཁམས་གཡུ་ཡི་གཞོང་པ། གསེར་རི་དངུལ་རི་འདྲ་བྱུང་།

“སྐྱེ་ཁམས་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་45%བཟུང་ཡོད”

“ལྗོངས་ཡོངས་ཀྱི་གྲོང་བཙུཌ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་96.28%ཟིན་ཡོད”

“ལྗོངས་ཡོངས་ཀྱི་གློག་ཤུགས་འཕྲུལ་ཙུའུ་ཨ་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་423ཟིན་ནས་ནུས་རྒྱུ་གཙང་མའི་འཕྲུལ་ཙུའུ་ནས་གློག་འདོན་ཚད་89.09%བཟུང་ཡོད”

“2020ལོར་ལྗོངས་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%འཕར་བ། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཡོད”

གངས་ལྗོངས་ས་མཐོའི“སྐྱེ་ཁམས་ཤེས་དཔལ་གྱི་རྒྱུགས་ལན”ལ་ལྟ་སྐབས། གྲངས་གཞི་རེ་རེ་ལས་བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཚོན་ཡོད། སྐྱེ་ཁམས་ཁོར་ཡུག་རེ་རེ་ལས་ལྗོངས་ཡོངས་ཀྱིས་ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པའི་རྒྱང་སྐྱོད་ལམ་བུའི་དཔང་པོ་བྱས་ཡོད།

ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ།

མིག་སྔར། བོད་ལྗོངས་ཀྱིས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་ཁག་70ལྷག་ཙམ་བཀྲམ་ནས་ལག་བསྟར་བྱས་ཏེ། “མཐོ་གསུམ”རྣམ་གྲངས་བོད་དུ་ལག་བསྟར་བྱ་རྒྱུ་གཏན་འགོག་བྱས་པ་དང་གཏེར་ཐོན་ཐོན་ཁུངས་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་མཆན་འགོད་པའི་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་བསལ་དོ་ཁུར་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་དེ་རེད”ཅེས་གསུངས་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཚད་གཞི་དེ་བས་མཐོ་བ་དང་། བྱ་ཐབས་དེ་བས་ཏན་ཏིག བླང་བྱ་དེ་བས་ནན་པ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རིང་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་སྔར་བས་ཤུགས་ཆེར་ཕྱིན་ཡོད།

སྲུང་སྐྱོང་དང་འཛུགས་སྐྲུན་འབུར་དུ་ཐོན་པ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་པོ་རྒྱུན་འཁྱོངས་བྱས་པ།

དུས་རབས་གོང་མའི་ལོ་རབས་80པར“རྒྱང་རིང་གི་ཕྱོགས་སུ་ལྟ་དུས་བྱེ་ཐང་དང་། ལྷགས་པ་ཆེན་པོ་རྒྱག་དུས་མི་ཚང་མཐོང་རྒྱུ་མེད་པའི”སྐྱེ་ཁམས་ཁོར་ཡུག་གི་མདུན་དུ་བྱེ་ཕུང་ཚང་མ་གཡུ་གཤོངས་སུ་འགྱུར་བ་བྱ་རྒྱུ་ནི་ལྷོ་ཁའི་མི་དམངས་ཀྱི་རེ་འདུན་ཆེ་ཤོས་དེ་རེད། བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་རིམ་བཞིན་ཚང་མའི་རང་འགུལ་བྱ་སྤྱོད་ལ་གྱུར་ཡོད།

ལོ་བཅུ་ཉིན་གཅིག་དང་འདྲ་བར་མཐའ་འཁྱོངས་བྱས་མཐར་མི་རྣམས་ཀྱིས་གཙང་འགྲམ་དུ“སྔོ་ལྗང་བར་ཁྱམས”ཤིག་བསྐྲུན་ཡོད།

ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལྷོ་ཁའི་དུམ་བུར་ནགས་བཟོ་སྔོ་འགྱུར་བདེ་བླག་བྱུང་བ་འདི་ནི་རང་ལྗོངས་ཀྱིས“ཆུ་བོ་གཉིས་དང་གཙང་པོ་བཞི”རྒྱུག་ཁུལ་དུ་ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས། རི་ཆུ་ནགས་ཞིང་དང་མཚོ་མཚེའུ་བྱེ་ཐང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཙུགས་པའི་བསྡུས་རིས་ཙམ་རེད།

མིག་སྔར། རང་ལྗོངས་ཀྱི་PM10དང་PM2.5ཡི་ལོའི་ཆ་སྙོམས་གར་ཚད་2015ལོ་ལས་28.1%དང་37.5%སོ་སོར་ཆག་པ་དང་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། གཙང་པོ་དང་ཆུ་བོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་Ⅲརིགས་སམ་དེ་ལས་ལེགས་པའི་ཚད་གཞིར་སླེབས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད་100%ཟིན་ཡོད། རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་བྱེད་ཚད་97.34%ཟིན་ཡོད།

དེས་མ་ཚད་རང་ལྗོངས་ཀྱིས་ད་དུང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47(རྒྱལ་ཁབ་རིམ་པ་11ཡོད)བཙུགས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཡན་བཟུང་ཡོད།

དམངས་ཡོངས་མཉམ་སྐྲུན་མཉམ་བཅོས་དང་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་བ།

མིས་སྐྱེ་ཁམས་ལ་གཏོར་སྐྱོན་མ་བཏང་ན། སྐྱེ་ཁམས་ཀྱིས་མི་ལ་དྲིན་ལན་འཇལ་ངེས་རེད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རིང་མི་རིགས་ཁག་གི་མང་ཚོགས་ཚོས་སྐྱེ་ཁམས་སྲུང་སྐྱོང་བྱས་ན་གངས་རི་དང་རྩྭ་ཐང་དང་། གནམ་སྔོན་དང་སྤྲིན་དཀར། ཆུ་དྭངས་དང་ཉི་འོད་བཅས་འབབ་འཕར་ཕྱུག་འགྱུར་གྱི“མཆོག་ནོར”ལ་དངོས་འབྲེལ་འགྱུར་ངེས་རེད། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་མཁས། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱ་རྒྱུ་དེ་ཚང་མའི་རང་འགུལ་བྱ་སྤྱོད་ལ་གྱུར་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2020ལོའི་བར་ལྗོངས་ཡོངས་སུ་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་གྱི་ལས་ཞུགས་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་8.6ཟིན་ནས་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4300ལྷག་ཙམ་བྱུང་ཡོད། 2019ལོ་དང་2020ལོར་རིམ་རྩིས་བྱས་ན་སྐྱེ་ཁམས་ནགས་སྲུང་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2.74བཀོད་སྒྲིག་བྱས་ནས། སྐྱེ་ཁམས་ནགས་སྲུང་བ་ཁྲི་7.82གདན་ཞུ་བྱ་རྒྱུར་རྒྱབ་སྐྱོར་དང་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་31.82བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)5དང་རྫོང(ཆུས)3ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་ནས། རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་ཀྱི་མིང་ཐོབ་པའི་སྐྱེ་ཁམས་རྫོང(ཆུས)22དང་། སྐྱེ་ཁམས་ཤང་དང་གྲོང་རྡལ་269 སྐྱེ་ཁམས་གྲོང་གསེབ་3087བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།