བོད་ལྗོངས་ཀྱིས་ལོ་རེར70%ཡན་གྱི་ནོར་ཤུགས་དམངས་འཚོའི་ཐད་གཏོང་བར་རྒྱུན་འཁྱོངས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བསྡུས་པའི་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུའུ་ཡི་ཏང་ཙུའི་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་ཚའེ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “2019ལོ་དང2020ལོར་མང་ཚོགས་ཀྱི་བདེ་སྣང་གི་འདོད་བློ་ཚིམ་ཚད་ཀྱི་སྟོན་གྲངས99%ཡན་ཟིན་ཡོད། 2020ལོར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད4%ནང་ཚུན་ཡོད་པ་དང་། མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ཚད99%ཟིན་ནས་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་ཚང་མ་ལས་ཞུགས་ཐུབ་པ་མངོན་འགྱུར་བྱུང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་དམངས་གཅེས་དང་དམངས་ཕན་གྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ལོ་རེར70%ཡན་གྱི་ནོར་ཤུགས་དམངས་འཚོའི་ཐད་གཏོང་བར་རྒྱུན་འཁྱོངས་བྱས་པ་དང་། གཙོ་བོ་རོང་འབྲོག་ཁུལ་དང་ཉམས་ཞན་ཚོགས་སྤྱིར་དམིགས་ནས་དམངས་འཚོའི་དོན་དངོས་ནུས་ཤུགས་ཡོད་རྒུས་བསྒྲུབས་པས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་པ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། 2020ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི11.66ཟིན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི3.83འཕར་སྣོན་བྱུང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ3195དང་། དགེ་རྒན་དང་ལས་བཟོ་བ61239། སློབ་གྲྭར་འགྲོ་བཞིན་པའི་སློབ་མའི་སྤྱིའི་གྲངས་ཁྲི90ལྷག་ཟིན་པ། འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད95%བཅས་ལ་སླེབས་ཡོད། གཞན་ཡང་། ཉེ་བའི་ལོ་འགའི་རིང་བོད་རང་སྐྱོང་ལྗོངས་ཀྱིས་བྱོལ་འགོག་སློབ་སྲུང་བྱས་ཤིང་། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པར་འགུལ་རྣམ་རྒྱུན་འཁྱོངས་བྱས་པས་སྔོན་དཔག་བྱས་ན་ཚེ་ཚད་ལོ71.1ལ་སླེབས་ཡོད་པ་དང་། ཤང་གྲོང་སྡོད་དམངས་ཀྱི་རྒན་གསོའི་དངུལ་གྱི་ཚད་གཞི་སྒོར185བར་ཇེ་མཐོར་བཏང་བ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་དངུལ་གྱི་ཚད་གཞི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ཤང་གྲོང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།