ལོ་ངོ་བདུན་ཅུ་འབད་འབུངས་ཡར་བརྩོན་བྱས། སྔ་འཛིན་ཕྱི་གཏོད་ཀྱིས་ལེའུ་གསར་པ་རྩོམ།

—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས།

བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ས་ཆའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། 1951ལོའི་ཟླ་5ཚེས་23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ནས། བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་རེད་ལ། ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་མེས་རྒྱལ་གཅིག་གྱུར་བྱ་གཞག་གི་དོན་ཆེན་ཞིག་ཀྱང་རེད། དེས་ཕྱི་རོལ་ཕྱོགས་གཏོགས་ཀྱིས་བོད་འདི་ཉིད་མེས་རྒྱལ་ནས་ཁ་ཕྲལ་གཏོང་བའི་རེ་ངན་རྦད་དེ་ཐལ་བའི་རྡུལ་དུ་བརླགས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་པ་མ་ཟད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་གྱི་ལམ་བུ་གསར་རྐྱང་ཞིག་བཏོད་པ་དང་། བོད་འདི་ཉིད་དར་རྒྱས་ཡར་ཐོན་གྱི་འོད་ཟེར་སྟོང་ལྡན་གྱི་ལམ་བུར་ཡང་སྐྱོད་འགོ་ཚུགས་ཡོད།

བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ནས། དུས་སྐབས་ཁག་ཏུ་བོད་ཀྱི་འཕེལ་རྒྱས་ཡར་ཐོན་དང་མི་དམངས་ཁམས་བདེ་ཡོང་ཆེད་མཛད་ཕྱོགས་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་གནང་བ་དང་། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལ་རོགས་སྐྱོར་བྱས་པས། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཧ་ཅང་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་གལ་ཆེན་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་མཐོར་འདེགས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གངས་ལྗོངས་ས་མཐོར་ཐུགས་ཁུར་ཟབ་བཞེས་དང་བོད་ཀྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བཞིན་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་སྟེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ་དང་། བོད་ཀྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་ཐེངས་མང་གསན་པ། བོད་ཀྱི་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་བཏོན་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གསལ་སྟོན་གནང་བ།“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་པ། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བ་དང“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ། མཐའ་མཚམས་འཛུགས་སྐྲུན། ཁྲོན་བོད་ལྕགས་ལམ་སྐྲུན་འགོ་ཚུགས་པ་སོགས་གཙོ་གནད་ལས་དོན་ལ་མཛུབ་སྟོན་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གནང་བ།

ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་གནང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ། བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ། སྒུལ་ཤུགས་ཆེན་པོ་བསྣན་པ། དུས་ཡུན་རིང་པོ་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་གནང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་བྱ་ལུགས་མཚོན་པར་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་དུ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད།

ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་དང་། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་པོ། ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་འཚོ་བ་གསར་པ་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དངོས་སུ་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚད་མེད་ཚོར་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་སྙིང་དབུས་ནས་གུས་བཀུར་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་མ་ཟད། ཁྱིམ་ཚང་ཚང་མས་གཙོ་འཛིན་གྱི་སྐུ་པར་དང་རྒྱལ་དར་འགེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་དད་གུས་ཀྱི་སེམས་པ་མཚོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་བོད་ཀྱི་ས་ཆ་གང་དུ་རྟོག་ཞིབ་གནང་རིམ་བཞིན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་དགའ་འབོད་ཆེན་པོ་བྱས་པ་དང་། བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བ། མིག་ནང་དགའ་སྤྲོའི་མཆི་ཞག་འཁོར་བ། སེམས་འགུལ་ཚད་མེད་ཐེབས་པ། དགའ་བསུ་ཡང་ཡང་ཞུས་པ། སྙིང་གཏམ་ལྷུག་པོར་གླེང་བ་བཅས་ལས་མི་དམངས་ཀྱིས་གཙོ་འཛིན་ལ་གོང་བཀུར་དང་། བློ་སེམས་གཅིག་མཐུན། འོ་ཆུ་མཉམ་འདྲེས་བཅས་ཀྱི་མི་སེམས་འགུལ་བའི་རྣམ་པ་ཞིག་མངོན་ཡོད།

བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་བོད་ནི་མུན་ནག་དང་རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་དང་ཞིང་བྲན་ཁྲི་ཚོ་བརྒྱ་དབུལ་ཞིང་ཕོངས་པའི་གནས་སུ་གྱར་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན། རང་རེའི་ཏང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་འདི“ཁུལ་གསུམ་དང་ཀྲོའུ་གསུམ”ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེར་གཏན་འཁེལ་གནང་སྟེ། སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ནས་བོད་ལ་གཙོ་གནད་ལྟ་རྟོག་དང་དམིགས་བསལ་གཟིགས་སྐྱོང་གནང་བ་དང་། བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། ལོ་ངོ་སྟོང་གི་དབུལ་པོ་དབུལ་རྐྱང་གི་འཆིང་རྒྱ་ལས་རྦད་དེ་བསྒྲལ་བ། རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་། སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེན་མཆོང་སྐྱོད་བསུས་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་སེམས་གཏིང་ནས“མའོ་ཀྲུའུ་ཞིས་ཞིང་བྲན་ཁྲི་ཚོ་བརྒྱའི་སྣེ་ཁྲིད་གནང་ནས་ཡར་ལངས་བཅིངས་འགྲོལ་བཏང་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་གནང་ནས་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད”ཅེས་བརྗོད་ཀྱི་ཡོད།

——སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་ཞིང་། ཞི་བས་བཅིངས་འགྲོལ་བཏང་ཚུན། ཏང་གི་འགོ་ཁྲིད་འོག་བོད་ཀྱི་རྒྱ་ཆེའི་དམག་དམངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རབ་དང་རིམ་པ་ཕམ་ཉེས་ཤུགས་ཆེན་བཏང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས། “གཡོ་འགུལ་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་སར་དམ་པོར་དམིགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱས་པས། སྤྱི་ཚོགས་བཅོས་སྐྱོང་བརྟན་ལྷིང་ཐད“གཞན་སྐུལ”ནས“རང་འགུལ”དུ་གྱུར་པ་དང་། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་བསྟུད་མར་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུར་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་འདོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་བྱེད་སྒོ་གཏིང་ཟབ་དང་རྒྱ་ཁྱབ་ངང་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ཕྲ་རྒྱན་ལྟ་བུའི་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་སྐྲུན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་མཛའ་བརྩེ་དང་དགའ་སྤྲོ་འཆམ་མཐུན་བྱུང་བ་དང“མོས་སེམས་ལྔ”སྔར་བས་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་ཆོས་དད་རང་མོས་འགན་སྲུང་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་བཅས་བྱས་ནས། དད་ལྡན་མང་ཚོགས་ལ་ཆོས་ལུགས་ཐད་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་འགྲོ་གྲོན་ཉུང་དུ་གཏོང་བ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་སྔར་བས་ཡོང་བ་བྱས་ཡོད།

——དཔལ་འབྱོར་འཕེལ་རྒྱས་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། བོད་རྙིང་པར་དེང་རབས་ཀྱི་བཟོ་ཚོང་ལས་རིགས་མེད་པ་དང་། ཞིང་ལས་ཐོན་སྐྱེད་དུས་ཡུན་རིང་པོའི་ནང་གདོད་མའི་རྨོ་འདེབས་ཀྱི་རྣམ་པར་གནས་པ། འབྲོག་ལས་སྤྱིར་ན་རང་བྱུང་སྐྱས་སྤོས་བྱེད་སྟངས་ཡིན་པ། ཞིང་འབྲོག་ཞན་འགྱུར་དང་ཐོན་རྫས་རྐྱང་པ་ཡིན་པ། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དང་སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་ཧ་ཅང་ཞན་པ། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.29ཙམ་ལས་ཟིན་གྱི་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས་རང་རེའི་ཏང་གིས་བོད་ཀྱི་དམིགས་བསལ་གྱི་དོན་དངོས་དང་འགལ་ཟླ་གཙོ་བོར་གཞི་བཙུགས་པ་དང་། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་བཏང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། དཔལ་འབྱོར་འཕེལ་རྒྱས་དེ་མྱུར་ཚད་མགྱོགས་པོ་ནས་སྤུས་ཚད་མཐོ་པོར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། 2020ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་1900ལྷག་ཙམ་ཟིན་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་1951ལོའི་ལྡབ་321.5རེད། མཚོ་བོད་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སྐྲུན་འགོ་ཚུགས་པ། བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་ཤར་གཏོང་ཐུབ་པ། ལྕགས་ལམ་གཉེར་སྐྱོང་ལམ་ཐག་སྤྱི་ལེ་1400ཙམ་ཟིན་ཡོད། རྫོང་དང་། ཤང་། གྲོང་ཚོ་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ་དང་། མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་1105ཟིན་ཡོད། དམངས་སྤྱོད་གནམ་ཐང་5བསྐྲུན་པ་དང་རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་140ལྷག་ཙམ་ཤར་གཏོང་ཐུབ་པར་བྱས་ཡོད། མཚོ་བོད་གློག་ཤུགས་དྲ་སྦྲེལ་སོགས་གློག་ཤུགས“མཁའ་ལམ”4བསྐྲུན་ཞིང་། གློག་དྲ་གཙོ་བོ་རྫོང་གྲོང་དང་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ་དང་། གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་90ཟིན་པ། སྒྲིག་ཚུད་གྲོང་ཚོར་འོད་ཁྲིད་ཚི་སྐུད་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་གཉིས་ཀ་99%ཟིན་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་བསྐྲུན་ཟིན་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ། ལོ་6བསྟུད་མར་འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ཡན་ཟིན་པ། སྒོ་ཕྱུགས“དུས་ཚིགས་གཅིག་རང་ལ་བཤས་གཏོང་བ”ནས“དུས་ཚིགས་བཞི་ཀར་བཤས་གཏོང་བའི”བར་འགྱུར་ལྡོག་བྱུང་བ། བཟའ་བཅའ་ཐོན་རྫས་སུ་འགྱུར་རྒྱུ་དང་ཐོན་རྫས་ཚོང་ཟོག་ཏུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། ནས་དང་འབྲི་གཡག་སོགས་མིང་དོན་མཚུངས་པའི“ས་མཐོའི་གཅེས་ནོར”དུ་གྱུར་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་2020ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3500ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

—— མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཞིང་། བོད་རྙིང་པར་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་ལ་ཐོན་སྐྱེད་རྒྱུ་ཆ་མེད་པ་དང་། གདུག་རྩུབ་ཆེ་བའི་དཔལ་འབྱོར་གྱི་བཤུ་གཞོག་ཕོག་པ། འཚོ་བ་ཧ་ཅང་ཡ་ང་བ། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཡང་ཟིན་གྱི་མེད་པ། ཡིག་རྨོངས་བ་ཡིན་ཚད་95%ཟིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་བསྒྲུབས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོང་མཁན་ཡོད་པ་བཅས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ཡོད། 2020ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་1959ལོ་ལས་ལྡབ་416འཕར་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འཁྱེར་སོ་དང་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་གཏིང་ཟབ་བྱས་ཤིང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95.03%ཟིན་པ་དང་། ངལ་རྩོལ་ནུས་ཤུགས་གསར་པར་སློབ་གསོ་ཐོབ་པའི་ལོ་ཚད་ཆ་སྙོམས་ལོ་13.1བར་རིང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་། མི་དམངས་ཀྱི་བདེ་ཐང་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་ཇེ་མཐོར་ཕྱིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1བར་མཐོ་རུ་ཕྱིན་ཡོད། སྤྱི་པའི་རིག་གནས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་གྲོང་ཚོར་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོད་པ་དང་། ཤང་དང་གྲོང་རྡལ་དུ་ཕྱོགས་བསྡུས་རིག་གནས་ས་ཚིགས་ཡོད་པ། རྫོང་དང་ཆུས་སུ་རིག་གནས་སྐོར་སྐྱོད་རླངས་འཁོར་ཡོད་པ། རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་ཚང་མ་99%ལྷག་ཙམ་ཟིན་ཡོད་པ་རེད།

——སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། བོད་རྙིང་པར་ནགས་ཚལ་བདག་སྐྱོང་བ་མེད་པས་སྤྱིར་ན་ཤིང་ནགས་རང་བཞིན་གྱིས་སྐྱེས་རྗེས་སྐམ་འགྲོ་གི་ཡོད། ཡར་ཀླུང་གཙང་པོ་དང་། མྱང་ཆུ། ལྷ་ས་སྐྱིད་ཆུ་བཅས་རྒྱུག་ཁུལ་གྱི་རྒྱ་ཆེའི་ཞིང་ཁུལ་དུ་ལྗོན་ཤིང་ཐར་ཐོར་ལས་མེད་པ་དང་ནགས་ཚལ་ཁྱབ་ཚད་1%ཀྱང་ཟིན་གྱི་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས་རང་རེའི་ཏང་གིས“དཔལ་འབྱོར་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཁོར་ཡུག་འཛུགས་སྐྲུན་བཅས་དུས་གཅིག་ཏུ་འཆར་འགོད་དང་། དུས་གཅིག་ཏུ་ལག་བསྟར། དུས་གཅིག་ཏུ་འཕེལ་རྒྱས”བཅས་ཀྱི་མཛད་ཕྱོགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་འཁྱོངས་ཡག་པོ་ཐུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་མགྱོགས་པོ་བྱས་ཏེ《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཏོན་ནས་སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་བཞག་ཅིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་ནས་སྐྱེ་ཁམས་འཛུགས་སྐྲུན་དེ་སྲུང་སྐྱོང་ལ་སྣང་ཆེན་བྱེད་པ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བའི་བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ། སྦགས་བཙོག་ཆེ་བ་དང་། ནུས་ཁུངས་ཟད་གྲོན་ཆེ་བ། ཆུ་ཟད་གྲོན་ཆེ་བ་བཅས་ཀྱི་ཁེ་ལས་དང་རྣམ་གྲངས་གཅིག་ལའང་མཆན་འགོད་མ་བྱས་པ་དང་གཅིག་ཀྱང་ནང་འདྲེན་མ་བྱས་པ་མ་ཟད། གཏེར་ཁ་འཚོལ་ཞིབ་དང་གཏེར་འདོན་བྱེད་དབང་ལ་ཞིབ་མཆན་འགོད་མཚམས་བཞག་ཡོད། རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པ་དང་། རིགས་ཁག་གི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་22བསྐྲུན་པ། རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་38.75%བཟུང་བ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་60.8བཅས་ཟིན་ཡོད། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ལྗོངས་ཡོངས་ཀྱི་ཆ་རྐྱེན་ཡོད་པའི་གྲོང་ཚོ་1079དང་དུད་ཚང་ཁྲི་10.5ཚང་མར་སྐྱེ་ཤིང་ཡོད་པ་བྱས་པས། ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%བར་མཐོ་རུ་ཕྱིན་ཡོད། ས་ཁུལ་རིམ་པ་དང་དེ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད་100%ཟིན་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99.4%ཟིན་ནས། བོད་ལྗོངས་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་སུ་གནས་ཡོད།

——དམངས་གཙོ་ཆབ་སྲིད་འགན་ལེན་གང་ལེགས་བྱུང་ཞིང་། བོད་རྙིང་པར་ཞིང་བྲན་ལ་མི་ལུས་རང་དབང་སྤུ་ཙམ་མེད་ལ་དམངས་གཙོའི་དབང་ཆ་དེ་བས་ཀྱང་མེད་ལ། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་འགན་ལེན་ཐུབ་ཀྱི་མེད། གཉེན་སྒྲིག་བྱེད་སྐབས་ཀྱང་ངེས་པར་དུ་མངའ་བདག་གི་མོས་མཐུན་ཐོབ་དགོས་པས“སྨྲ་ཤེས་པའི་ལག་ཆ”ཞེས་བརྗོད་ཀྱི་ཡོད། རང་རེའི་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་འགོ་ཁྲིད་བྱས་ཏེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་དོན་འཁྱོལ་བྱས་པས། མི་རིགས་ཁག་གི་དབང་ཆ་དང་རང་དབང་འགན་ལེན་གང་ལེགས་བྱུང་ཞིང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་བོད་ས་གནས་ཀྱི་སྤྱི་ཚོགས་ལས་དོན་ལ་དོ་དམ་དང་རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་མཁན་གྱི་བདག་པོར་གྱུར་པ་དང་། བོད་ཀྱི་སྤྱི་ཚོགས་ཀྱི་དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་གྱི་གསར་གཏོད་པ་དང་ལོངས་སྤྱོད་མཁན་ལ་གྱུར་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་ཚུན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་152སྔ་རྗེས་སུ་བཏོན་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ཁག་སྲུང་སྐྱོང་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་བྱས་ཡོད། 1979ལོ་ནས་བཟུང་། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང་། ཤང(གྲོང་རྡལ)བཅས་རིམ་པ་བཞིའི་སྐབས་བརྗེའི་འདེམས་བསྐོའི་འདེམས་དམངས་འདེམས་བསྐོའི་ནང་ཞུགས་ཚད་90%ཡན་ཟིན་པ་དང་ས་གནས་ཁག་གཅིག་ཏུ་འདེམས་བསྐོའི་ནང་ཞུགས་ཚད་100%ཟིན་ཡོད། 2018ལོའི་ཟླ་1ཚེས་18ཉིན་ཁྱབ་བསྒྲགས་བྱས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་439ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་289ཡོད་པ་དེས་65.83%བཟུང་ཡོད། རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་སྲིད་གྲོས་ཨུ་ཡོན་ཁྲོད་མང་ཆེ་བ་ནི་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་སྣ་ཡིན་པ་རེད།

——ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཤིང་། ཞི་བས་བཅིངས་འགྲོལ་བཏང་རྗེས་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། རང་རེའི་ཏང་གིས་གཞི་རིམ་གྱི་རྨང་གཞིར་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་དམངས་གཙོ་སྲིད་སྐྱོང་ལས་དོན་ཧུར་ཐག་སྤེལ་བ་དང་གཞི་རིམ་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཅས་ལག་བསྟར་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་དུས་བབ་བརྟན་ལྷིང་། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་ཆེད་འགན་ལེན་བརྟན་པོ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་རྒྱུ་ཕྱོགས་གཅིག་ཏུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་པས། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ཁྱད་པར་གསུམ”གྱི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ། འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ལས་བྱེད་པའི་དཔུང་ཁག་དེ་དུས་རབས་20པའི་ལོ་རབས་50པའི་མི་1791ནས་མི་ཁྲི་20.47བར་མང་དུ་ཕྱིན་ཞིང་། ཏང་གི་གཞི་རིམ་རྩ་འཛུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ། གཞི་རིམ་ཏང་རྩ་འཛུགས་57ནས་ཁྲི་2.2བར་མང་དུ་ཕྱིན་པ་དང་། གྲོང་ཚོ་དང་གྲོང་ལྷན“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་100%ཏང་ཡོན་ཡིན་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ། དེ་བཞིན་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་ཀྱི་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་ཐོན་ཡོད། ཏང་ཡོན་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་དང་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། དུས་རབས་20པའི་ལོ་རབས་50པའི་ཏང་ཡོན་877ནས་ཁྲི་42.6ལྷག་ཙམ་བར་མང་དུ་ཕྱིན་ཡོད། སློབ་སྦྱོང་སློབ་གསོ་དང་། ཆེད་དོན་སློབ་གསོ། ལག་ལེན་བྱེད་སྒོ་བཅས་རབ་དང་རིམ་པ་གཏིང་ཟབ་སྤེལ་ནས་ཏང་ཡོན་ལས་བྱེད་པར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་བཏང་ཡོད། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “སྤྱོད་ཚུལ་བཞི”བཅོས་སྒྲིག་ཤུགས་ཆེན་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་སྲོལ་དང་ལས་བྱེད་པའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཕྱོགས་ཡོངས་ནས་བཏོད་ཡོད།

ལོ་ངོ་70ཡི་རིང་། རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བསྐལ་བརྒྱར་འོད་སྟོང་འཕྲོ་བ་དང་། མི་རབས་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ། སྔར་བྱུང་མྱོང་མེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད། དུས་ཐུང་ལོ་ངོ་70རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་སྟེ་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ནི་སྐབས་རིམ་བྱུང་གི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བའི་འབྲས་བུ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་བ་དང་མཁས་མཛངས་ལྡན་པའི་ཐབས་ཇུས་ལས་བྱུང་བའི་འབྲས་བུ། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པ་ལས་བྱུང་བའི་འབྲས་བུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་བཅས་རེད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པའང་མེད། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ནས་ར་འཕྲོད་བྱུང་ཡོད།

ཏང་གི་བོད་སྐྱོང་མཛད་ཇུས་ནི་གཅིག་རྒྱུན་གཅིག་འཛིན་ཡིན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་གྱི་རྩ་བ་དང་བླ་སྲོག་ཡིན་ཞིང་། སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། མཐའ་འཁྱོངས་ཡག་པོ་བྱེད་པ་བཅས་བྱས་ཚེ། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་ཡོད་པ་དང་། དཀའ་ངལ་འཕྲད་སྐབས་ཐབས་ཤེས་ཡོད་པ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་གདེང་ཚོད་ཡོད་པ་བཅས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། དུས་རབས་གསར་པར་བོད་ཀྱི་ལས་དོན་ལ་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ཡོད་ལ་ཐོབ་པར་དཀའ་བའི་གོ་སྐབས་ཀྱང་འཕྲད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། དཀའ་སྤྱད་འབད་འཐབ་བཅས་ཀྱི་རྨང་གཞི་བརྟན་པོ་ཡོད་པས་དུས་ཡུན་རིང་པོའི་ལས་ཀའི་ལག་ལེན་ཁྲོད་བྱུང་བའི་སྤྱོད་གོ་ཆོད་པའི་བྱེད་ཐབས་མུ་མཐུད་མདུན་ཕྱོགས་སུ་སྤེལ་བ་དང་། ཏན་ཏིག་སྒྲུབ་པ། གཏིང་ཟབ་སྤེལ་བ་བཅས་བྱས་ཚེ་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་ཐུབ། བོད་ཀྱི་ལས་དོན་ལ་དམིགས་བསལ་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། འཚབ་འཚུབ་དང་ཀ་ཀོར་བྱེད་མི་རུང་བར་ངེས་པར་དུ་ཆབ་སྲིད་ཐོག་ནས་ངོས་འཛིན་དང་སྟངས་འཛིན་བྱེད་པ་དང་། སྤྱི་ཡོངས་ཀྱི་ཐོག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱེད་དགོས།

བབ་བསྟུན་འཕྲལ་སྒྲུབ་དང་འབྱུང་འགྱུར་གསར་གཏོད་ཀྱིས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ནང“ད་ཆ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་གྱི་ལམ་བུ་གསར་པར་སླར་ཡང་སྐྱོད་འགོ་ཚུགས་ཡོད”ཅེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་ལས་དོན་གྱི་བླང་བྱ་ཁག་བརྒྱད་དང་མཛུབ་སྟོན་གལ་ཆེན་གསུམ་བཏོན་གནང་ནས་ང་ཚོས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕྱར་བ་གྲུ་འདེགས་དང་འབད་འབུངས་མདུན་སྐྱོད་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། དུས་རབས་གསར་པར་སླེབས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་སྐབས་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་ཐུགས་རེ་ནན་པོ་བློ་ལ་བརྟན་པོར་ངེས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། “སྤྱི་ཡོངས་གཉིས”སེམས་ལ་ངེས་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ། ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ལ་དམ་འཛིན་ལྷོད་མེད་བྱེད་པ། “འགན་ལེན་བཞི”མངོན་འགྱུར་ཧུར་ཐག་ཡོང་བ་བཅས་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

བློ་བརྟན་འགྱུར་མེད་ངང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་ཡོད། ང་ཚོས་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱས་ཁར། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་གཏིང་ཟབ་ཏུ་དང་རྒྱ་ཆེར་གཏོང་བ་དང་། “ལོ་རྒྱུས་བཞི”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ་བཅས་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས།

བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འཕེལ་རྒྱས་གཏོང་བ་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པར་བྱ་རྒྱུ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པར་བྱ་རྒྱུ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་བར་ཕན་ཐོགས་པར་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་ཡོད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ལས་དོན་མཐའ་དག་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བར་གཅིག་སྡུད་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་ཀྱི་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཐུན་མོང་འབྱོར་ཕྱུག་ལ་དེ་བས་མངོན་གསལ་དོད་པའི་འཕེལ་རྒྱས་དངོས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་འགན་ལེན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ། ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་ཐོབ་པ་བྱེད་དགོས་ཞེས་གསུངས་ཡོད། ང་ཚོས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་དུ་བཏང་སྟེ། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་མཁས། རང་བྱུང་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁ་གསབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་དང་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་གཏོད་དགོས།

བློ་བརྟན་འགྱུར་མེད་ངང་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ལ་མཐའ་མཚམས་སུ་གཞིས་ཆགས་དགོས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་དགོས་པ། ཕ་ཡུལ་འཛུགས་སྐྲུན་བྱེད་དགོས་པ་བཅས་ཀྱི་ལྕག་སྐུལ་གཏོང་དགོས་ཞེས་གསུངས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་དང་སེམས་ཁྲལ་སེལ་རོགས་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་སྔར་བས་བརྟན་དུ་བཏང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། མི་རྒྱུ་དངོས་གསུམ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཐའ་སྲུང་བདེ་འཇགས་བརྟན་ལྷིང་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་མཚམས་མང་ཚོགས་བདེ་སྡོད་ལས་བརྩོན་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

ལོ་ངོ་70ཡི་རིང་སྦྲང་ཆར་ཟིལ་མའི་དྲིན་ལས་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་སྟོན་གྱི་འབྲས་བུ་གཡུར་དུ་ཟ་བ་སྨིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་དང་ཏང་གི་འོད་སྟོང་འཕྲོ་བའི་གཟི་བྱིན་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འོད་སྟོང་གསར་པ་གཏོད་ངེས་རེད་ལ་བོད་ཀྱི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།