དངོས་བཤུས་གློག་བརྙན《མཆོང་སྐྱོད་ཐེངས་གཅིག་གིས་ལོ་ངོ་སྟོང་ཕྲག་བརྒལ་བ་སྟེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པ》ཞེས་པ་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་ལོ་ཡིན་པས། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་དུས་ཡུན་ལོ་ཕྱེད་རིང་ཕབ་སྐྲུན་བྱས་པའི་ལེའུ་གཉིས་ཅན་གྱི་དངོས་བཤུས་གློག་བརྙན《མཆོང་ཐེངས་གཅིག་གིས་ལོ་ངོ་སྟོང་ཕྲག་བརྒལ་བ་སྟེ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པ》ཞེས་པ་ཚེས18ཉིན་དང་ཚེས19ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་འཕྲིན་ལམ་དུ་དགོང་མོའི་ལྟ་མཁན་མང་དུས་སུ་གཏོང་རྒྱུ་རེད། གློག་བརྙན་འདིས་ལོ་རྒྱུས་ཀྱི་བརྙན་རིས་དང་དཔེ་མཚོན་གཏམ་རྒྱུད་ཟུང་སྦྲེལ་བྱས་ཏེ། གསོན་ཉམས་ལྡན་པའི་སྒོ་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་དུ་བྱུང་བའི་རྔམ་བརྗིད་ཀྱི་ལོ་རྒྱུས་ཞིབ་བརྗོད་བྱས་ཤིང་། བོད་ལྗོངས་འདི་ཉིད་ཀྱིས་དུས་ཡུན་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་མངོན་འགྱུར་བྱས་པའི་འཕེལ་རྒྱས་ཀྱི་ངོ་མཚར་གཏམ་རྒྱུད་དང་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རོལ་བའི་མཛེས་སྡུག་གི་རི་མོ་མངོན་པར་མཚོན་ཡོད།

རྒྱུས་ལོན་པ་ལྟར་ན། དངོས་བཤུས་གློག་བརྙན་འདིའི་ལེའུ་དང་པོས1951ལོའི་ཟླ5བའི་ཚེས23ཉིན་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ཆེན་མོ་མགོ་འཛུགས་ས་བྱས་ཏེ། ཞི་བས་བཅིངས་འགྲོལ་དང་དམངས་གཙོ་བཅོས་བསྒྱུར། རང་སྐྱོང་ལྗོངས་གསར་འཛུགས། བཅོས་བསྒྱུར་སྒོ་འབྱེད། དུས་རབས་གསར་བར་བསྐྱོད་པ། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་སོགས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་བརྒྱུད་མྱོང་མཁན་དང་བདེན་དཔང་བྱེད་མཁན། ཞིབ་མཇུག་པ་སོགས་རིགས་མི་འདྲ་བའི་མི་ཚོགས་ཀྱི་རང་སྟེང་གི་མྱོང་ཚོར་དང་གཏམ་རྒྱུད། ལྟ་ཞིབ་བཅས་དང་འབྲེལ་ནས། ལོ་ངོ70རིང་བོད་ལྗོངས་སུ་བྱུང་བའི་རྔམ་བརྗིད་ཀྱི་འགྱུར་ལྡོག་གི་གཏིང་ཟབ་པའི་ལོ་རྒྱུས་གཏན་ཚིགས་མཚོན་ཡོད། ལེའུ་གཉིས་པར་ཞིབ་ཕྲའི་ངོས་ཐད་ནས་ཁྱབ་ཁོངས་མི་འདྲ་བ་དང་དུས་སྐབས་མི་འདྲ་བའི་དཔེར་མཚོན་མི་སྣའི་གཏམ་རྒྱུད་བརྒྱུད་ནས། བོད་ལྗོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སློབ་གསོ། འཕྲོད་བསྟེན། རིག་གནས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་ཕྱུག་མཐའ་བརྟན། སྐྱེ་ཁམས་སོགས་དམངས་འཚོའི་ཁྱབ་ཁོངས་སོ་སོ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྟོབས་ལྡན་དུ་བསྒྱུར་བའི་འཕེལ་རྒྱས་ཀྱི་གོ་རིམ་མཚོན་པ་དང་། ལོ་ངོ70རིང་བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ཉིན་བཞིན་གོང་དུ་འཕར་བ་མངོན་པར་མཚོན་ཡོད།

རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཕྱོགས་བསྡུས་འཕྲིན་ལམ་ནས་སྒྲོག་གཏོང་བྱས་རྗེས། ཀྲུང་དབྱང་བརྙན་འཕྲིན་གྱི་རྒྱ་སྐད་རྒྱལ་སྤྱིའི་འཕྲིན་ལམ་ནས་ཀྱང་བརྒྱུད་གཏོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།