བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་ལས་གཏོད་གསོ་སྦྱོང་དགེ་རྒན་གྱི་འགྲན་བསྡུར་ཆེ་མོ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་གཏོད་གསོ་སྦྱོང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་གཏོད་གསོ་སྦྱོང་དགེ་རྒན་ཁྱོན་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གཙོ་གཉེར་དང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་གཉེར་འགན་ཁུར་བའི་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་ལས་གཏོད་གསོ་སྦྱོང་དགེ་རྒན་གྱི་འགྲན་བསྡུར་ཆེ་མོ་ལྷ་སར་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོས“ལས་གཏོད་གསོ་སྦྱོང་དང་གསར་གཏོད་སྣེ་ཁྲིད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། རང་སྐྱོང་ལྗོངས་རིམ་པའི་ཐོག་མའི་འགྲན་བསྡུར་དང་། འགྲན་བསྡུར་བསྐྱར་མ། མཐའ་མའི་འགྲན་བསྡུར་བཅས་སུ་ཕྱེ་ཞིང་། དེའི་ནང་རྨང་གཞིའི་ཤེས་བྱའི་ཚོད་རྒྱུགས་དང་། རྩེར་སོན་སློབ་ཚན་འགྲེམས་སྟོན། དངོས་འཐབ་ནུས་པའི་འགྲན་བསྡུར་སོགས་ལྷུ་ཚིགས་མང་པོ་ཚུད་ཡོད། དེ་འདྲ་བྱེད་པའི་དམིགས་ཡུལ་ནི་འགྲན་བསྡུར་ཆེ་མོར་བརྟེན་ནས་ལག་རྩལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ཆེ་མོར་བརྟེན་ནས་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འགྲན་བསྡུར་ཆེ་མོར་བརྟེན་ནས་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཤེས་ལྡན་པའི་འགན་ལེན་བྱ་རྒྱུ་དེ་རེད།

རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཁྲུན་ལིན་གྱིས“གོམ་སྟབས་རྗེས་མར་ང་ཚོས་གསར་གཏོད་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་གཏོད་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་གཏོད་གསོ་སྦྱོང་གི་དགེ་རྒན་ཆེ་མོའི་འགྲན་བསྡུར་མུ་མཐུད་ཡག་པོ་གཉེར་བ། ལས་གཏོད་གསོ་སྦྱོང་གི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གསར་གཏོད་ལས་གཏོད་དེ་དམངས་འཚོ་ལེགས་གཏོང་དང་ལས་ཞུགས་བརྟན་དུ་དང་རྒྱ་ཆེར་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་རིམ་བཞིན་འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།