ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནི་སྔོན་ཆད་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་བསྡུས་ཡུག་སྦྲེལ་གྱི་དམིགས་བསལ་དབུལ་ཕོངས་ས་ཁུལ་གཅིག་པུ་ཡིན་ལ། 2019ལོའི་ལོ་མཇུག་ཏུ་བོད་ལྗོངས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ལོ་ངོ་སྟོང་གི་དབུལ་ནག་གི་གནས་ལས་བསྒྲལ་བ་རེད། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བའི་སྟེང་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། དེང་སྐབས་ཞིང་སྡེ་མཛེས་ཤིང་ཐོན་ལས་འཕེལ་ཁ་རྒྱས་པའི་གྲོང་གསེབ་དར་སྤེལ་གྱི་འཆར་གཞི་གསར་བ་གངས་ལྗོངས་མཐོ་སྒང་དུ་རིམ་བཞིན་སྤེལ་བཞིན་ཡོད།
ཉིན་འདི་འགར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་གྲོང་མི་ཚོས་ཁམ་སྡོང་ལ་ཡལ་ག་འབྲེག་ནས་བདག་སྐྱོང་བྱེད་བཞིན་ཡོད། ཁམ་སྡོང་མུའུ270དེ་ནི་གྲོང་ཚོའི་ཕྱུག་འགྱུར་ནགས་ཡིན་པ་དང་ལོ་རེར་རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་སུ་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་ཅིང་། ད་ལོའི་ལོ་སྟོད་དུ་གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི780ལ་སླེབས་ཡོད།
ལོ་འདི་འགའི་རིང་ཀ་ལ་གྲོང་ཚོའི་གྲོང་མིས་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཁེ་སྤོགས་བགོ་བ་དང་། ས་ཞིང་རྒྱུན་འཁོར། འདེབས་འཛུགས་དང་གསོ་སྤེལ། སྐྱེལ་འདྲེན་བཅས་ལ་བརྟེན་ནས2020ལོར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི3.13ལ་སླེབས་པ་དང་། མིག་སྔར་ཁོང་ཚོས་ཡུལ་སྐོར་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཞིབ་འཇུག་བྱེད་བཞིན་ཡོད།
ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། དེང་སྐབས་བོད་ལྗོངས་སུ་ཀ་ལ་གྲོང་ཚོ་འདྲ་བའི་གངས་ལྗོངས་ཀྱི་རི་གྲོང་མང་པོ་ཞིག་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི“ཁམ་སྡོང་མཛེས་ལྗོངས་ཁུལ”ཏུ་གྱུར་ཡོད། 2019ལོར་བོད་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི62.8ཚང་མ་དབུལ་ཐར་བྱུང་བ་དང་བསྟུན་ནས། ལྗོངས་ཡོངས་ཀྱིས་ཐོན་ལས་དར་རྒྱས་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གཞི་རྩར་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་སྐྱེ་དངོས། ལྗང་མདོག་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བཞིན་ཡོད།
ནས་ནི་བོད་ལྗོངས་ཀྱི་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཡིན་ཞིང་། སོན་བཟང་ཁྱབ་གདལ་བཏང་ནས་ཐོན་ཚད་མཐོར་འདེགས་སུ་བཏང་བ་བརྒྱུད། 2020ལོར་བོད་ལྗོངས་ཀྱི་ནས་མུའུ་རེའི་ཐོན་ཚད་དེ་ཞི་བའི་བཅིངས་འགྲོལ་མ་བཏང་གོང་གི་སྤྱི་རྒྱ80ཙམ་ནས་སྤྱི་རྒྱ380བར་འཕར་ཡོད། དེ་སྔོན་ནས་ཀྱིས་རྩམ་པ་དང་ཨ་རག་བསྙལ་བཟོ་ཁོ་ན་བྱེད་ཀྱིན་ཡོད། དེང་སྐབས་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོ་འཕེལ་རྒྱས་ཕྱིན་པ་བརྒྱུད། ནས་ལས་སྣོན་གཞན་སྒྱུར་གྱི་ནུས་པ་ཆེ་རུ་ཕྱིན་ཏེ། ནས་ཀྱི་ཀ་ར་གོ་རེ་དང་སྐྱུར་ཁུ། སྦི་རག་སོགས་ཐོན་རྫས་རིགས80ལྷག་ལས་སྣོན་བྱེད་བཞིན་ཡོད་ཅིང་། 2020ལོར་ནས་ལས་སྣོན་ཁེ་ལས52ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10ཟིན་ཡོད།
དེང་སྐབས་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ལ་ནས་དང་ནོར་ནག བོད་ཕག བོད་ལུག འོ་མའི་ལས་རིགས། སྔོ་ཚལ། གཟན་རྩྭ་བཅས་ཐོན་ལས་ཆེན་པོ7གཙོ་གནད་དུ་བྱས་པའི“7+N”ཡི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་གྲུབ་ཡོད། 2020ལོར་བོད་ལྗོངས་སུ་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས162ཡོད་པ་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཁྲི1ལས་བརྒལ་བ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར57ཟིན་པ་དེ2015ལོའི་ལོ་མཇུག་ལས་ལྡབ་གཅིག་འཕར་བ་དང་། ཞིང་ཕྱུགས་ཐོན་ལས་ཀྱིས་རོང་འབྲོག་པར་འབབ་འཕར་ཡོང་བར་འདེགས་སྐྱོར་བྱེད་པའི་རྣམ་པ་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོར་བོད་ལྗོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14598ལ་སླེབས་ཤིང་། ཉེ་བའི་ལོ་ལྔའི་རིང་འཕར་ཚད13%ཡས་མས་སུ་རྒྱུན་འཁྱོངས་ཐུབ་པ་དང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེ་ནི1965ལོར་བསྡོམས་རྩིས་བྱས་པའི་གཞི་གྲངས་ཀྱི་ལྡབ135རེད། ཡོང་འབབ་འཕར་སྣོན་བྱུང་བ་མ་ཟད། དེང་སྐབས་བོད་ལྗོངས་ཀྱི་རོང་འབྲོག་པའི་སྡོད་གནས་ཀྱི་ཁོར་ཡུག་ཀྱང་མུ་མཐུད་ཇེ་ལེགས་སུ་འགྲོ་བཞིན་ཡོད། བོད་ལྗོངས་ཀྱི་ཞིང་སྡེའི་ཕྱི་ནང་ཀུན་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་དང་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་འགྲོ་བཞིན་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཞིང་སྡེ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མཐོ་སྒང་གི་བུ་ཕྲུག་རྣམས་འབྱོར་འབྲིང་ལམ་དུ་བསྐྱོད་པ།