བོད་ལྗོངས་དང་མཚོ་སྔོན་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་གི་ས་ཁོངས་བརྒལ་བའི་ཞིབ་དཔྱོད་རོགས་ལས་ལམ་སྲོལ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས《མཚོ་བོད་ས་མཐོའི་སྐྱེ་ཁམས་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་གི་ས་ཁོངས་བརྒལ་བའི་ཞིབ་དཔྱོད་རོགས་ལས་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་ནས《རོགས་ལས་བསམ་འཆར》ཞེས་བསྡུ་རྒྱུ)ལ་མཉམ་དུ་མིང་རྟགས་བཀོད་ཅིང་། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་གི་ས་ཁོངས་བརྒལ་བའི་ཞིབ་དཔྱོད་རོགས་ལས་ལམ་སྲོལ་བཙུགས་པ་བརྒྱུད་གནད་སྨིན་ཅན་གྱི་རྡུང་རྡེག་དང་། སྣ་མང་ཅན་གྱི་ལྟ་སྐུལ། ཆེད་ལས་ཅན་གྱི་གྱོད་སྒྲུབ། སྤྱི་ཚོགས་ཅན་གྱི་བཅོས་སྐྱོང་། ཁྲིམས་སྐྱོང་ཅན་གྱི་ཞབས་ཞུ་བཅས་ཀྱི་ལས་དོན་གྱི་རྣམ་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ནི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཁྲིམས་སྐྱོང་གི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་ཞིབ་དཔྱོད་དང་། དམངས་དོན་ཞིབ་དཔྱོད། སྲིད་འཛིན་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བཅས་ཀྱི་འགན་ནུས་ཕྱོགས་བསྡུས་ངང་བེད་སྤྱོད་བཏང་ཐོག ཕྱི་རོལ་གྱི་རིག་ནུས་དང་སྟོབས་ཤུགས་དང་དེ་བཞིན་ཆེད་ལས་སྟོབས་ཤུགས་ལ་བརྟེན་ནས་གྱོད་གཞི་སྒྲུབ་གཉེར་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཉེས་གསོག་གི་བྱེད་སྤྱོད་ལ་ཁྲིམས་ལྟར་ཁྲིམས་ཆད་ནན་པོ་གཅོད་པ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་དམངས་དོན་སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་བརྒལ་བའི་སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཁྲིམས་ལྟར་སྒྲུབ་གཉེར་བྱེད་པ། རྩྭ་ཐང་དང་། ནགས་ཚལ། འདམ་ར། འཁྱགས་རོམ། ཆུ་བོ། མཚོ་མོ། མྱ་ངམ་ཐང་སོགས་རང་བྱུང་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་དང་སྐྱེ་ཁམས་ཀྱི་ཕན་ནུས་ཆེ་རུ་གཏོང་བར་རམ་འདེགས་བཅས་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་རྨང་རྡོ་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།

《རོགས་ལས་བསམ་འཆར》ལྟར་ན། མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱིས་ཁུངས་སྣེ་སྐྱེལ་སྤྲོད་དང་། བརྡ་ཁྱབ་གཏོང་བ། ལྡོག་སྐྱེལ་བྱེད་པ། བརྟག་དཔྱད་དཔང་ལེན་བཅས་ཀྱི་རོགས་ལས་ལམ་སྲོལ་དང་། སྐྱེ་ཁམས་སླར་གསོའི་མཉམ་སྒྲུབ་ལམ་སྲོལ་བཙུགས་ནས། སྐྱེ་ཁམས་སྤྱི་ཕན་གྱི་ཁྲིམས་འཛིན་སྲུང་སྐྱོང་ལས་དོན་སྒྲུབ་པའི་མཉམ་ཤུགས་ཆགས་པར་བྱ་རྒྱུ་ཡིན་པ་དང་། ཞུ་གཏུག་བྱས་པའི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཡིན་ཚེ། ནུས་ཐོན་ཁྲིམས་གཅོད་ལ་དབྱེ་ཞིབ་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ལག་བསྟར་གནས་ཚུལ་ལ་རྗེས་སྙེག་རྒྱུས་ལོན་བྱེད་པ། ཞུ་སྦྱོར་ཕྱི་མར་སྐྱེ་ཁམས་བཅོས་སྐྱོང་དང་གུན་གསབ་འོས་འགན་དུས་ཐོག་ཏུ་འཁུར་རྒྱུའི་སྐུལ་མ་གཏོང་བ་བཅས་བྱས་ནས། སྦགས་བཙོག་དང་གཏོར་སྐྱོན་ཐེབས་པའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པའི་ཐད་གྱོད་སྒྲུབ་ཕན་འབྲས་ཏན་ཏིག་ཐོན་པ་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།