ཕྱོགས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་ལས་བོད་ཀྱི་སྤྱི་ཚོགས་འགན་བཅོལ་ཁྱབ་ཚད100%ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《བོད་ཞི་བའི་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ལས། ད་ཆ་བོད་ཀྱི་སྤྱི་ཚོགས་འགན་བཅོལ་ཁྱབ་ཚད་100%ཟིན་ནས་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་ཆེ་གྲས་ལྔ་གཙོ་བོར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་ཕྱོགས་ཡོངས་ནས་བཙུགས་ཡོད་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་བར་འགན་ལེན་ནུས་ལྡན་ཐུབ་པ་མངོན་ཡོད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གྲོང་མི་བསྟན་འཛིན་ལོ་གཅིག་གོང་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་མཁལ་མ་གཡོན་མ་བཀོག་པའི་གཤགས་བཅོས་བྱས་པ་རེད། དེར་བརྟེན་ཤུགས་ལས་བྱེད་མ་ཐུབ་པའི་ཁོང་གིས་དུས་ཚོད་ངེས་ཅན་ཞིག་ངལ་གསོ་བརྒྱབ་རྗེས། དྲ་འབོད་གླ་འཁོར་བཏང་བ་རེད། ཁོང་གིས“གཤགས་བཅོས་ལ་ངས་སྒོར་1000ལྷག་ཙམ་ལས་བཏང་མེད། འགྲོ་གྲོན་གཞན་དག་སྲིད་གཞུང་གིས་རྩིས་བརྒྱབ་པས་ང་རང་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་མེད། ད་ཆ་དྲ་འབོད་གླ་འཁོར་བཏང་བས་རང་འདོད་བཞིན་དུས་ཚོད་བཀོད་སྒྲིག་བྱ་ཆོག་ལ། ཡོང་འབབ་ཀྱང་ཡག་པོ་རག་གི་འདུག”ཅེས་བཤད།

2020ལོར་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱས་ནས་ལོར་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་585བར་མཐོ་རུ་བཏང་སྟེ། སྔོན་ལ་སྨན་བཅོས་དང་སྨན་རིན་རྗེས་ལ་རྩིས་རྒྱག་པ་དང་། འགན་ལེན་མི་འབོར་ཡོངས་སུ་ཁྱབ་པ། འགན་བཅོལ་ཐེབས་རྩའི་གཏོང་ཡོང་དོ་སྙོམས་བཅས་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ལོ་འཁོར་གྱི་སྨན་རིན་རྩིས་ཞུ་བྱེད་ཚད་མཐོ་ཤོས་སྒོར་ཁྲི་14ཟིན་པ་དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ལོ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་7ཙམ་ཟིན་ཡོད། ནད་ཆེན་ཆེད་བཅོས་ཀྱི་ནད་རིགས་ཁག་38བར་མང་དུ་བཏང་བས་གཞི་རྩའི་སྨན་བཅོས་འགན་ལེན་སྔར་བས་ནུས་ལྡན་བྱུང་ཡོད།

འདི་ལོ་ལོ་71ལ་སླེབས་པའི་ཕུན་ཚོགས་དབང་འདུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོ་ནས་རེད། ད་ཆ་གུ་ཡངས་པའི་བོད་བཟོའི་ཁང་པའི་ནང་བསྡད་དེ་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་སྲིད་གཞུང་གི་ཁ་གསབ་སྣ་ཚོགས་ལོངས་སྤྱོད་བྱེད་བཞིན་ཡོད། ཕུན་ཚོགས་དབང་འདུས་ཀྱིས“ཟླ་རེར་རྒན་གསོའི་དངུལ་སྒོར་ཉིས་བརྒྱ་ལྷག་ཙམ་སྤྲོད་ཀྱི་འདུག དེས་མ་ཚད་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་རྒན་རྒོན་གྱི་ཁ་གསབ་དང་ལྷ་ས་གྲོང་ཁྱེར་གྱི་ཚེ་རིང་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད་པས་ལོ་ལྟར་སྒོར་སྟོང་ཕྲག་ཁ་ཤས་ལེན་རྒྱུ་ཡོད། རྒན་གསོའི་དངུལ་དེ་དག་ལས་ངའི་འཚོ་བ་སྔར་བས་ལེགས་སུ་ཕྱིན་པས་ཚེ་མཇུག་ལ་སེམས་ཁྲལ་མི་འདུག”ཅེས་བཤད།

དཔལ་སྡིངས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཚེ་རིང་འོད་ཟེར་གྱིས“ང་ཚོའི་གྲོང་ཚོར་ལོ་60ཡན་གྱི་རྒན་རྒོན་283ཡོད་པ་དང་ཚང་མར་རྒན་གསོའི་འགན་བཅོལ་ཡོད། ཁོང་ཚོར་དུས་ཐོག་ཏུ་རྒན་གསོའི་དངུལ་དང་སྨན་བཅོས་འགན་བཅོལ་སོགས་ལེན་རྒྱུ་ཡོད་པས་འཚོ་བའི་ཁུར་པོ་ཧ་ཅང་ཡང་དུ་ཕྱིན་པ་མ་ཟད། ནད་ལྟ་དུས་སྨན་རིན་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་བཤད།

བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ནོར་བུས“ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཕྱོགས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་པ་དང་ལྷག་པར་དུ་དབང་པོ་སྐྱོན་ཅན་གྱི་འགན་ལེན་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད། 2020ལོར་ང་ཚོས་དྲག་སྐྱེད་ཀྱི་འདུན་པ་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་1.2ལྷག་ཙམ་ལ་རིན་མི་དགོས་པའི་དྲག་སྐྱེད་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། དགོས་མཁོ་ཡོད་པའི་དབང་པོ་སྐྱོན་ཅན་ལ་འབྲེལ་ཡོད་ཀྱི་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་ཡང་བྱས་ཡོད་པས་ཞབས་ཞུ་བསྒྲུབས་ཚད་80%ཟིན་ཡོད”ཅེས་བཤད།

ད་ཆ། ཕྱོགས་ཡོངས་དང་ཁྱོན་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གིས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་ཐུབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།