ཝུའུ་དབྱིང་ཅེས་གཞི་རིམ་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བ།

67d2b6ba-761c-4a70-8318-3b09f2a52a53.jpg

འདི་ནི་ཝུའུ་དབྱིང་ཅེས་རྔ་ཆེན་གྲོང་ཚོ་ཨུ་ལྷན་གྱི་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཁོང་གི་གཞི་རིམ་ཏང་ཀྲི་པུའི་ལས་དོན་འབྲེལ་གཏུག་ས་ཚིགས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོར་ཕེབས་ནས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་འབྲེལ། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ལྷན་དུ་ཕེབས་ཡོད་པ་རེད།

རྔ་ཆེན་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཤར་རྒྱུད་དུ་གནས་ཤིང་། ཉེ་བའི་ལོ་ཤས་རིང་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་སྔོན་ཉར་ས་ཆའི་ཐོན་ཁུངས་སྤྱད་དེ་ལྷ་སའི“ཤར་དུ་རྒྱ་སྐྱེད་དང་ནུབ་ཏུ་སྣུར་སྲིང”གི་གྲོང་ཁྱེར་འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་ཧུར་ཐག་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བར་བྱས་ཏེ་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་རེད།

“ལོ་འདི་དག་རིང་། ང་ཚོས་རླངས་འཁོར་འཁྲུ་ས་དང་། སྤྲོ་གསེང་བྱ་ཡུལ། འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ཚད་ལེན་ཀུང་སི་སོགས་མཉམ་སྡེབ་ཐོན་ལས་གཙོ་གནད་གཉེར་ཡོད། དབན་ཏ་ཚོང་གྲོང་དུ་ཚོང་ཁང་96ཡོད། 2020ལོར་གྲོང་ཚོ་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1892ཟིན་པ་དང་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་1447ལྷག་ཙམ་བགོས་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བསོད་ནམས་ཆོས་འཛོམས་ཀྱིས་ངོ་སྤྲོད་བྱས་པ་གསན་རྗེས། ཝུའུ་དབྱིང་ཅེ་ཐུགས་སེམས་ཧ་ཅང་མགུ་པོ་བྱུང་ཞིང་། ཁོང་གིས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། འཐབ་ཇུས་ཀྱི་མིག་རྒྱང་འཛུགས་པ། མིག་སྔར་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཚམས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་ཁྱེར་འཕེལ་རྒྱས་དང་རང་རྟོགས་ངང་མཉམ་འདྲེས་བཅས་བྱས་ནས། མང་ཚོགས་ཚོས་གྲོང་ཁྱེར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་དེ་བས་ལེགས་པ་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེས་དེ་རྗེས་རྔ་ཆེན་གྲོང་ཚོའི་སྡེ་ཁུལ་ཉེན་དོན་ས་ཚིགས་དང་ཏང་དམངས་ཕྱོགས་བསྡུས་གཞུང་ལས་ཁང་དུ་ཕེབས་ནས། དྲ་མིག་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་དམངས་ཕན་ཞབས་ཞུའི་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཝུའུ་དབྱིང་ཅེས་གཞི་རིམ་ཏང་ཡོན་ལས་བྱེད་པའི་ནུས་པ་སྔར་བས་གང་ལེགས་འདོན་པ་དང་གཞི་རིམ་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ལྷག་བསམ་རྣམ་དག་གི་ཞབས་ཞུར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་ཤུགས་ཆེར་གཏོང་བ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཏང་ཡོན་དང་མང་ཚོགས་ཚོས་རྒྱུན་དུ་འགྲོ་འདོད་བྱ་ཡུལ་དུ་ཧུར་ཐག་གྱུར་པར་བྱས་ནས་ཏང་གི་གཞི་རིམ་གྱི་གོང་བུ་འགྲིལ་ཤུགས་དང་། འབོད་སྐུལ་ནུས་པ། དམག་འཐབ་ཀྱི་ནུས་པ་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས་པའི་ནན་བཤད་གནང་བ་རེད།

རྔ་ཆེན་གྲོང་ཚོའི་ཏང་ཡོན་གྱི་བྱེད་སྒོ་ཁང་དུ་ཝུའུ་དབྱིང་ཅེས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། བོད་ཀྱི་དོན་དངོས་སམ་རང་ངོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ་རེད།

ཝུའུ་དབྱིང་ཅེས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་དང་བོད་ཀྱི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་ཁོང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་མ་ཟད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ཏེ། སྔ་རྗེས་སུ་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དེ་སྤྱི་ཁྱབ་ཧྲུའུ་ཅིར་འཛིན་པའི་བསམ་བློའི་མོས་སེམས་དང་། ཆབ་སྲིད་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སུ་བསྒྱུར་ནས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་ཞེན་དང་ཏང་ཀྲུང་དབྱང་ལ་གོང་བཀུར་ཞུ་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བ་དང་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་བཏང་སྟེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས་པ་སྟེ།

ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་མི་རེ་ངོ་རེ་དང་ཁྱིམ་ཚང་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་ཁ་འབྲལ་ཐབས་མེད་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཕུགས་ཕན་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། གཏན་ལ་ཕབ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་རྩ་བའི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་ཧུར་ཐག་ཞུགས་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་དུ་འཁྱོལ་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་རྟོགས་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ། “ཚང་དགོས་པ་གསུམ་པ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། མང་ཚོགས་དེ་བས་མང་བར་ལས་རྒྱུ་ཡོད་པ་དང་ཡོང་འབབ་གསོག་རྒྱུ་ཡོད་པར་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་བ་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་བཅས་ཐུབ་པར་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པའི་བོད་ཀྱི་མི་རིགས་ཁག་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་དར་སྤེལ་ཡག་པོ་གཏོང་བ་དང་། མང་ཚོགས་ཚོར“ཉེ་འཁོར་བཞིར”ལྗོན་ཤིང་འཛུགས་རྒྱུར་སྐུལ་ལྕག ཆུའི་མ་ལག་བཅོས་སྐྱོང་དང་ཆུ་ལམ་བཅོས་སྐྱོང་སོགས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཧུར་ཐག་ཞུགས་པ། བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཤིག་རང་རྟོགས་ངང་འཇགས་པ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བཅས་བྱས་ནས། གངས་ལྗོངས་ས་མཐོའི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས།

རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཚོར་མི་རིགས་ཁག་མཐུན་སྒྲིལ་མཛའ་གྲོགས་དང་ལྡན་པ་ནི་བོད་དར་རྒྱས་གོང་འཕེལ་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཤིག་ཡིན་པས་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ། བོད་མི་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་ཁོངས་མི་གལ་ཆེན་ཞིག་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་རིག་གནས་ལ་བཅངས་པའི་མོས་སེམས་སྔར་བས་ཤུགས་ཆེར་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་དགོས།

དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་བྱེད་དགོས། ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། དད་ལྡན་མང་ཚོགས་ཚོར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཕྱག་མཆོད་འབུལ་བྱས་ནས་བྱུང་བ་ཞིག་མ་ཡིན་པར་ཏང་དང་སྲིད་གཞུང་གིས་གནང་བ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་སྔར་བས་ཆུང་དུ་གཏོང་བ། སེམས་ནུས་དེ་བས་མང་བ་ཐོན་སྐྱེད་དང་འཚོ་བ་ལེགས་གཏོང་ཐོག་འཇོག་པ་བཅས་བྱས་ཏེ་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ཁྲིད་སྟོན་བྱེད་དགོས།

རང་རྟོགས་ངང་ལོ་རྒྱུས་སྦྱངས་ནས་ལག་ལེན་ཐོག་ཧུར་ཐག་འཁྱོལ་བ་བྱེད་དགོས། རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཧུར་ཐག་ཞུགས་ནས་ཏང་ནང་ཞུགས་དོན་གང་ཡིན་པ་དང་། ཏང་ནང་གང་ཞིག་ལས་དགོས་པ། ཏང་ལ་བྱས་རྗེས་གང་འཇོག་དགོས་པ་བཅས་གསལ་པོ་རྟོགས་པ་བྱེད་པ་དང་། ཏང་གཤིས་ལ་ཞུན་བརྡར་སྤྲོས་པ་དང་། དམངས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལག་ལེན་ཐོག་ཧུར་ཐག་འཁྱོལ་བར་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཐོག་མཐའ་བར་གསུམ་དུ་སེམས་གཏིང་གི་གནས་བབ་མཐོ་ཤོས་སུ་འཇོག་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་ལ་ཕབ་པའི་དམངས་འཚོའི་བྱ་བ་དངོས་ཁག་13དོན་འཁྱོལ་ཡག་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པའི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཚོས་སེམས་གཏིང་ནས་ཚོར་བར་བྱེད་དགོས། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། མཐུན་སྒྲིལ་བྱེད་མཁས་པ་དང་འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ་དང་བརྟན་ལྷིང་འགན་ལེན་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་བྱས་ནས་ཐོན་ལས་འཕེལ་རྒྱས་ཁྲོད་ཧུར་ཐག་ཞུགས་པ་དང་། མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་ཡག་པོ་ཞིག་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།