བརྗིད་ཆགས་ས་མཐོ་བརྟན་སྲུང་བྱས་ཏེ་བསམ་པའི་མཐོ་ས་བཏོད་པ།

—— ཀྲུང་གོ་གུང་ཁྲན་ཏང་མིས“འཛམ་གླིང་ཡང་རྩེར”འབད་འཐབ་བྱས་པའི་སྐོར་གྱི་གཏམ་རྒྱུད། (བར་ཆ)

ནམ་ཡང་ཏང་གི་རྗེས་སུ་འབྲང་བ་ནི་བསམ་པའི་འབྱུང་ཁུངས་ཡིན།

“ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་ནི་ངས་ཡུན་རིང་རེ་སྒུག་བྱས་པའི་བསམ་འདུན་ཡིན། སླད་ཕྱིན་ངས་ཏང་གི་སྒྲིག་ཡིག་སློབ་སྦྱོང་ཧུར་ཐག་བྱས་ནས་རང་དཔེ་གཞན་སྟོན་དང་། ཏང་གི་སྒྲིག་ཡིག་སྲུང་བ། ཚན་རིག་དང་མཐུན་པའི་ངང་ཆེད་ལས་ལ་བརྩོན་ཞིབ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་མི་སྒེར་གྱི་ཡོད་ཚད་བློས་གཏོང་རྒྱུའི་སེམས་ཐག་གཅོད་རྒྱུ་ཡིན་པས་ཏང་རྩ་འཛུགས་ཀྱིས་ང་ལ་ཉམས་ཚོད་ལེན་རོགས་གནང”

ཚེ་ལས་འདས་པའི“ནས་ཀྱི་འབུམ་རམས་པ”ཉི་མ་བཀྲ་ཤིས་ཀྱི་ཏང་ཞུགས་རེ་འདུན་ཞུ་ཡིག་ནང་འདི་ལྟར་འཁོད་ཅིང་། ནང་དོན་ཚིག་ཉུང་དོན་འདུས་ཡིན་རུང་གུང་ཁྲན་ཏང་ཡོན་ཞིག་གི་དད་སེམས་བརྟན་པོ་མཚོན་ཡོད།

ཞིང་པའི་ཁྱིམ་ཚང་དུ་འཁྲུངས་པའི་ཉི་མ་བཀྲ་ཤིས་ཆུང་དུས་སྐབས་བཀྲེས་ལྟོགས་ཀྱིས་མནར་མྱོང་ཡོད་ཅིང་། སོ་ནམ་རིག་པའི་བོད་རིགས་ཀྱི་འབུམ་རམས་པ་དང་པོ་ཡིན་པའི་ཉི་མ་བཀྲ་ཤིས་ཀྱིས་ཚེ་གང་ནས་སོན་ལས་ལ་འབད་འཐབ་གནང་བ་དང་། ས་མཐོའི་འབྲུ་རིགས་ཀྱི་ཐོན་འབབ་མང་དུ་གཏོང་ཆེད། ལོ་འཁོར་མོར་ཚོད་ལྟའི་ཞིང་ཁར་གཞི་ཚུགས་ཏེ“བོད་ནས་ཨང་2000”སོགས་ཀྱི་ནས་སོན་འདེབས་གསོ་གནང་ཡོད།

ཡིན་ནའང་། 2020ལོའི་ནས་ཀྱི་སྙེ་རྡོག་རྒྱས་པའི་ནམ་དུས་སུ། འཁོར་འཛོལ་ཞིག་གི་རྐྱེན་པས་དགུང་ལོ་55ལ་སོན་པའི་ཉི་མ་བཀྲ་ཤིས་ཀྱི་ཚེ་སྲོག་ཕྲོགས། ཚེ་སྲོག་གངས་ལྗོངས་ས་མཐོར་ཕུལ་བའི་གུང་ཁྲན་ཏང་ཡོན་གྱི་མིང་གཞུང་ཐོག་སླར་ཡང་མིང་གསར་པ་ཞིག་འཁོད།

མཚོ་བོད་གཞུང་ལམ་འཛུགས་སྐྲུན་གྱི་བཀོད་འདོམས་པ་མུའུ་ཧྲེང་ཀྲུང་ནི་1933ལོར་ཏང་ལ་ཞུགས་པའི་ཏང་ཡོན་རྒན་གྲས་ཤིག་ཡིན་ཞིང་། སྦྱག་མའི་ཡུ་བའི་སྟེང“མུའུ་ཧྲེང་ཀྲུང་གི་བང་སོ”ཞེས་བརྐོས་ཡོད། ཁོང་གིས“གལ་ཏེ་ང་ལམ་བུ་འདིའི་ཐོག་ཤི་ན་འདི་ངའི་དུར་བྱང་ཡིན། ལམ་ས་ཆ་གང་དུ་བཟོས་ཟིན་ན་ང་དེ་གར་སྦས་ནས་མགོ་བོ་ལྷ་སར་ཕྱོགས་རོགས”ཞེས་ཁ་ཆེམས་བཞག་ཡོད།

ཁྲོན་བོད་གཞུང་ལམ་ཕུལ་སྒང་གཡང་གཟར་དུ། ཡུལ་དེ་གའི་སྐུ་དྲག་རྙིང་པ་ཞིག་གིས་དེ་སྔ“འབྲི་གཡག་གིས་ཀྱང་འཛེག་མི་ཐུབ་པའི་ཕུལ་སྒང་གཡང་གཟར་དུ་ལྷ་འདྲེས་མ་གཏོགས་ལམ་བཟོ་མི་ཐུབ”ཅེས་བཤད་མྱོང་། ལམ་སྐྲུན་དཔུང་ཆེན་གྱིས“ང་ཚོ་འཐབ་འཛིང་པ་རྣམས་མི་ཕལ་པ་ཡིན་པ་ལས་ལྷ་མ་ཡིན། ཡིན་ནའང་ང་ཚོར་གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་གསར་བརྗེའི་སྙིང་སྟོབས་ཡོད”ཅེས་བཤད་ཡོད།

ཚེ་སྲོག་ལ་ཚད་ཡོད་ཀྱང་སྙིང་སྟོབས་ལ་ཉམས་པ་མེད། བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་དབང་ཅིན་ཕེང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། མཚོ་བོད་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་སོགས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱས་པ་དེ་ནི་མིའི་རིགས་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལོ་རྒྱུས་ཐོག་མཐོང་དཀོན་པོ་རེད། ཁྲོན་བོད་གཞུང་ལམ་ཐོག་ཆ་སྙོམས་སྤྱི་ལེ་རེར་མི་རེ་གྲོངས་པའི་བློས་གཏོང་འདི་རིགས་ནི་འཛམ་གླིང་གི་གཞུང་ལམ་བསྐྲུན་པའི་ལོ་རྒྱུས་ཐོག་དེ་རང་མ་གཏོགས་མེད་པ་དང་། མཚོ་བོད་ལྕགས་ལམ་ལས“ཁུ་ནུ་རི་རྒྱུད་ཡོད་ན་ལྕགས་ལམ་ནམ་ཡང་ལྷ་ས་བར་སྐྲུན་མི་ཐུབ”ཅེས་ཚིག་ཐག་བཅད་པར་དགག་ལན་བསློགས་ཡོད། ད་ཆ། “གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཆེར་བསྐྱེད། རྨང་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་མཐུན་སྒྲིལ”གྱི“ལམ་གཉིས”ཀྱི་སྙིང་སྟོབས་ལས་ས་མཐོའི་འཛུགས་སྐྲུན་པ་མི་རབས་ནས་མི་རབས་ལ་ལྕག་སྐུལ་ཐེབས་བཞིན་ཡོད།

“ས་མཐོའི་ལས་གྲྭ་འདི་དག་འཛུགས་སྐྲུན་བྱས་པའི་ངོ་མཚར་དང་སྦྲགས་བློས་གཏོང་ནི་གུང་ཁྲན་ཏང་མིས་དཀའ་ཚེགས་དང་ངལ་དུབ་ལ་མི་སྐྲག་པའི་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་ཀྱི་ལག་ལེན་གསོན་ཉམས་དོད་པོ་ཞིག་རེད”ཅེས་དབན་ཅིན་ཕེང་གིས་བརྗོད།

མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་ཐག་རིང་ལུང་ཁུག་ཏུ་གནས་པའི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་གི་ཕྱོགས་བཞི་རི་རབ་ཀྱིས་བསྐོར་ཞིང་། ལོ་ལྟར་ཟླ་11པ་ནས་ལོ་གཉིས་པའི་ཟླ་5པའི་བར་ཁ་བ་བུ་ཡུག་གིས་ལམ་འགགས་ཀྱི་ཡོད་པས་མིང་དོན་མཚུངས་པའི“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”རེད། ཤང་གི་ལས་བྱེད་ལས་བཟོའི་སྡོད་ཁང་ནང་ཆུ་འདྲེན་དཀའ་བ་དང་མེ་ཤིང་བུད་ནས་དྲོད་ལེན་ཐབས་བྱེད་དགོས་པས་རྟག་ཏུ་ཟླ་བ་བཞི་ལྷག་གཟུགས་པོ་འཁྲུ་ཐབས་བྲལ་ཡོད།

ས་ཆ་འདི་ནས་ཁ་མི་བྲལ་བའི་རྒྱུ་མཚན་གང་ཡིན་ནམ། ཤང་ཀྲང་བཀྲ་ནོར་གྱིས“ང་ཚོ་སྡོད་སའི་ས་ཆ་ནི་ཀྲུང་གོའི་མཐའ་མཚམས་ཡིན་པས་ཁ་བྲལ་མི་རུང”ཞེས་བཤད།

དཀའ་གནད་དང་འཐབ་པ་ནི་ཕྱི་དངོས་པོར་བརྟེན་ནས་ཨབ་ཏང་འཛིང་རེས་བྱེད་པ་ཞིག་ཡིན་ལ་ནང་སེམས་ཤུགས་ལ་བརྟེན་ནས་བཙན་རྫོང་བརྟན་སྲུང་བྱེད་པ་ཞིག་དེ་བས་ཀྱང་རེད། བོད་ཀྱི་མཐའ་མཚམས་ས་ཐིག་སྤྱི་ལེ་4000ལྷག་ཙམ་དང་ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་སྟེང་དུ་ས་ཆ་མི་ཉུང་བ་ཞིག་ལོ་འཁོར་མོར་ཁ་བས་བཀླུབས་པ་དང་གྲང་རླུང་གིས་གཙེས་ཀྱང་། ཏང་ཡོན་ལས་བྱེད་པ་གྲངས་ལས་འདས་པ་ཞིག་གིས་མེས་རྒྱལ་ལ་བཅངས་པའི་བརྩེ་བ་མ་དོར་བར་ཡུལ་པོ་བཟོད་ཅིང་སྐད་གྲགས་མེད་པར་བརྟན་སྲུང་བྱེད་བཞིན་ཡོད།

ཡུས་ཅང་ནི་ཧོ་པེའི་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་ཞིང་། མངའ་རིས་ས་ཁུལ་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་རེད། 2016ལོར། 《གུ་གེའི་རྨིས་སྣང》ཞེས་པའི་འཁྲབ་སྟོན་ཆེ་གྲས་གྲབས་གཉེར་བྱེད་སྐབས་དང་བླངས་པ་ཡིན་པའི་ཡུས་ཅང་མངའ་རིས་ས་ཨུད་ནས་མིང་འདོན་གྱིས་བོད་སྐྱོར་ལ་ཡོང་རྒྱུའི་རེ་བ་ཞུས། ཡུས་ཅང་གིས“སྐབས་དེ་དུས་ངའི་བཟའ་ཟླས་ཁས་མ་བླངས་པར་ངུ་ཤར་བརྒྱབ་ནས་མ་འགྲོ་རོགས། ཕྱིན་ན་མཉམ་དུ་འགྲོ་ཡི་ཡིན་ཞེས་ཁག་པོ་བཟོས་བྱུང”ཞེས་བཤད། མཐར་ཡུས་ཅང་དང་བཟའ་ཟླ་མངའ་རིས་ས་མཐོར་སླེབས། བོད་སྐྱོར་དུས་ཡུན་ཐིམ་རྗེས། བཟའ་ཚོ་གཉིས་པོས་བོད་དུ་ལས་ཀ་བསྒྱུར་རྒྱུའི་ཐག་བཅད། ལོ་ལྔ་བཅུ་ཡོལ་བའི་ཡུས་ཅང་གིས་གློ་བར་ཆུ་བསགས་པ་དང་གཅིན་སྐྱུར་མཐོ་རུ་འགྲོ་བ་སོགས་ཀྱི་ནད་གཞི་ཁྱད་དུ་བསད་དེ་ཐོག་མཐའ་བར་གསུམ་དུ་མངའ་རིས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ལས་ལ་གཞོལ་ཡོད།

ས་མཐོའི་ཁོར་ཡུག་ཞན་པོ་ནི་བོད་དུ་ས་སྐྱེས་རྡོ་སྐྱེས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ལས་བྱེད་པར་འཕྲད་པའི་འགྲན་སློང་དྲག་པོ་ཞིག་རེད།

ཨ་མདོ་རྫོང་སྲིད་གྲོས་གཞུང་ལས་ཁང་གི་ཀྲུའུ་རེན་ཆོས་རྒྱལ་འཕྲད་སྐབས། ཁོང་གིས་གོམ་པ་ཀྱག་གེ་ཀྱོག་གེ་ཞིག་རྒྱག་གི་འདུག གསར་འགོད་པས་ཁོང་གི་གཟུགས་པོའི་གནས་ཚུལ་འདྲི་སྐབས་ཁོང་གིས་ལྷམ་ཕུད་དེ“རྐང་པར་ཨང་གྲངས་38ཏག་ཏག་བྱེད་ཀྱི་ཡོད་ཀྱང་40མ་གྱོན་དཀའ་མེད་རེད། གྲུམ་བུའི་ནད་ཚབས་ལྕི་ཙམ་ཡོད་པས་རྐང་པའི་བཟོ་ལྟ་འགྱུར་ནས་ལྷམ་ཆེན་པོ་མ་གཏོཌ་གྱོན་ཐུབ་ཀྱི་མི་འདུག”ཅེས་བཤད། ཤ་རྩི་ནག་པའི་ཆོས་རྒྱལ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཨ་མདོ་བ་ཡིན་པ་དང་། སློབ་གྲྭ་ཆེ་མོ་ཐོན་རྗེས་ཨ་མདོ་ནས་ཁ་བྲལ་མྱོང་མེད།

ལས་ཀར་ཞུགས་པའི་ལོ་བཅུའི་རིང་ང་འཁོར་ཞག་སྡོད་མྱོང་མེད། ཨ་མདོའི་ཆ་རྐྱེན་ཅུང་ཞན་ཙམ་ཡོད་ཀྱང་ང་ནི་ཏང་དང་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱས་པ་ཞིག་ཡིན་པས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་རྩ་འཛུགས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་གི་མིན”ད་ཆ་གཞུང་ལས་སྒྲུབ་པ་དང་འཚོ་བའི་ཁོར་ཡུག་ཧ་ཅང་ལེགས་སུ་སོང་ཡོད། ལོ་ལྟར་སྨན་རིན་ཡང་རྩིས་ཞུ་ཐུབ་པས་ང་དང་གཞི་རིམ་དུ་ཡོད་པའི་བཟའ་ཟླ་གཉིས་ཀ་ཧ་ཅང་དགའ་པོ་བྱུང་ལ་ལས་ཀར་སྤྲོ་སེམས་ཀྱིས་ཁེངས་ཡོད་ཅེས་ཆོས་རྒྱལ་གྱིས་བཤད།

དཀའ་ཚེགས་ཆེ་བའི་ས་མཐོའི་ཆ་རྐྱེན་ལས་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་ཐེབས་མེད།

2011ལོ་ཚུན་དུ། བོད་ཀྱིས་ནས་ལས་བྱེད་པ་མི་ཐེངས་ཁྲི་20ལྷག་ཙམ་གྲོང་སྡོད་ལ་མངགས་ཤིང་། ཁོང་ཚོས་ཞིང་འབྲོག་ཁུལ་གྱི་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ཏེ་དམངས་ཀྱི་བསམ་འདུན་ཉན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཕྱུག་པོ་ཆགས་རྒྱུར་རོགས་རམ་བཅས་བྱས་ཡོད།

ད་ཆ་བོད་ལྗོངས་འདི་ཉིད་ལོ་ངོ་ཁྲི་སྟོང་མང་པོའི་རིང་གི་དབུལ་པོ་དབུལ་ནག་གི་གནད་དོན་ལས་རྦད་དེ་བསྒྲལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་འགྲོ་ཡི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།