མངའ་རིས་ཀྱིས“ལམ་སྲོལ་བདུན”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ་139ཚང་མ་དབུལ་པོའི་གྲལ་ནས་ཕྱིར་འཐེན་བྱས་པ། མི་འབོར་དབུལ་པོ་ཚང་མ་དབུལ་གྲོལ་བྱུང་ཡོད། དབུལ་གྲོལ་བྱུང་བ་དང་དབུལ་ཞྭ་ཕུད་པ་དེ་མཇུག་འགྲིལ་བ་ཞིག་མ་ཡིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་རེད། བོད་ལྗོངས་མངའ་རིས་ས་ཁུལ་གྱིས“མཚམས་མི་འཇོག་པ་བཞི”ཡི་བླང་བྱར་གཞིགས་པ་དང་ཀྲུང་དབྱང་གིས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རྫོང་བདུན་ཚང་མ་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ཁོངས་སུ་བཅུག་པའི་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་ནན་པོ་བྱས་ཏེ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་སྤྱི་འདོམས་བྱས་ནས“ལམ་སྲོལ་བདུན”བཙུགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཐུབ་པར་བྱས་ཡོད།

རིམ་པ་བཞིན་འགན་འཁུར་བའི་དོ་དམ་ལམ་སྲོལ་བཙུགས་ནས་ངེས་ཤུགས་འགན་ལེན་བྱས་པ། ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་མི་སྣ་372ཀྱིས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་པོར་བསྲུངས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་མ་ཟད། རོགས་སྐྱོར་གྱི་སྲིད་ཇུས་མི་འགྱུར་བ་དང་། བྱེད་ཐབས་མི་འགྱུར་བ། ལམ་སྲོལ་མི་འགྱུར་བ། རྩ་འཛུགས་ཀྱི་འགན་ལེན་མི་འགྱུར་བ་བཅས་རྒྱུན་འཁྱོངས་བྱས་ནས་བསམ་བློར་ལྷོད་གཡེང་མི་གཏོང་བ། མཐོང་ཆེན་བྱེད་ཚད་ཆུང་དུ་མི་གཏོང་བ། སྒྲིག་གཞི་ཁ་ཐོར་དུ་མི་འགྲོ་བ། མི་སྣར་འགྱུར་ལྡོག་མི་གཏོང་བ། ཚད་གཞི་དམའ་རུ་མི་གཏོང་བ། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ། བླང་བྱ་དམའ་རུ་མི་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ཡོད།

སྟབས་བསྟུན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་དབུལ་པོ་བསྐྱར་ལོག་མི་ཐེབས་པར་བྱས་པ། དབུལ་སྒྲོལ་མི་འབོར་གྱི་གཏོང་སྒོ་དང་། འོས་འགན་སློབ་གསོ། རྨང་གཞིའི་སྨན་བཅོས། སྡོད་ཁང་བདེ་འཇགས། འཐུང་ཆུ་འགན་ལེན་བཅས་ཀྱི་གནས་ཚུལ་ལ་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་པ་དང་། ནད་གཞི་དང་། དབང་པོ་སྐྱོན་ཅན། གློ་བུར་བྱུང་བའི་ལས་འཛོལ་སོགས་རྐྱེན་གྱིས་དབུལ་པོ་བསྐྱར་ལོག་དང་སླར་ཡང་དབུལ་པོ་ཆགས་པའི་འགག་རྩའི་རྒྱུ་རྐྱེན་ལ་དམིགས་ནས་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ཆ་འཕྲིན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། དབུལ་པོ་བསྐྱར་ལོག་དང་སླར་ཡང་དབུལ་པོ་ཆགས་པ་སྔོན་འགོག་བྱེད་པའི་ཐད“གཅིག་གཏད་གཅིག”དང“གནས་དང་གནས”ཀྱི་འགན་འཁྲིའི་གསལ་ཐོ་དང་དབུལ་པོ་བསྐྱར་ལོག་དང་སླར་ཡང་དབུལ་པོ་ཆགས་ཉེར་ཡོད་པའི་མི་སྣའི་གཞི་རྩའི་གནས་ཚུལ་དང་། རོགས་རམ་གྱི་གནས་ཚུལ། ཕན་འབྲས་ཀྱི་རྩིས་ཐོ་བཅས་གནད་སྨིན་བཟོས་ཡོད། རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་དང་། མགྱོགས་མྱུར་ཤེས་རྟོགས། དུས་ཐོག་ཏུ་ཐག་གཅོད་བཅས་ལ་ཤུགས་སྣོན་བརྒྱབ་ནས་འཕྲལ་དུ་རོགས་སྐྱོར་དང་རོགས་སྐྱོབ་ལ་རྗེས་སྙེག་མཛུབ་ཁྲིད་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་གནས་ཚུལ་མི་ཐོན་པའི་མཐའ་ཚད་བརྟན་པོར་བསྲུངས་ཡོད།

ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་ནས་ཡོང་འབབ་བརྟན་པོ་ཡོང་བར་བྱས་པ། སྤུས་ཚད་མཐོ་པོས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གནས་སྤོས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ། གནས་སྤོས་མང་ཚོགས་སེམས་གནས་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་བྱ་ཆེད། བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་30ལ་ལེ་ལག་ཐོན་ལས་རྣམ་གྲངས་40བསྐྲུན་པ་དང་གནས་སྤོས་མང་ཚོགས་5691དབར་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཙུགས་པར་བརྟེན་གནས་སྤོས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།

ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལམ་སྲོལ་བཙུགས་ནས་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་བ། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་བྱེད་པའི་ཐབས་ལམ་གཙོ་བོར་བརྩིས་ཏེ། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་15.1བཏང་ནས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་109བསྐྲུན་པ་དང་མང་ཚོགས་13465དང་ཁེ་ཕན་འབྲེལ་མཐུད་ཀྱི་འབྲེལ་བ་བཙུགས་པས། མང་ཚོགས་25602ལ་ཕན་པ་ཐོབ་པ་དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་3973.27བྱུང་ཡོད།

ལས་ཞུགས་གསོ་སྦྱོང་གི་ཁྲིད་སྟོན་ལམ་སྲོལ་བཙུགས་ནས་ལས་ཞུགས་འགན་ལེན་བྱས་པ། ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་དང་ངལ་རྩོལ་ནུས་ཤུགས་ཞན་པའི་གྲངས་གཞིའི་ཆ་འཕྲིན་རྩིས་ཐོ་བཟོས་པའི་རྨང་གཞིའི་ཐོག་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་དམིགས་ས་ཡོད་པའི་ངང་རིགས་ཁག་གི་རྩལ་ནུས་གསོ་སྦྱོང་ལས་དོན་སྤེལ་ནས་མི་ཐེངས་8275གསོ་སྦྱོང་བྱས་པས་མི་ཐེངས་2578ལས་ཞུགས་ཐུབ་པ་དང་། མི་ཐེངས་13362ལས་ཞུགས་གཞན་སྒྱུར་ཐུབ་པ། ཡོང་འབབ་སྒོར་དུང་ཕྱུར་3.49བྱུང་བ། 2020ལོར་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་ལ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་10261བྱུང་ཡོད། འདི་ལོ་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་མི་ཐེངས་5000ལ་ལས་རིགས་རྩལ་ནུས་གསོ་སྦྱོང་དང་རིགས་ཁག་གི་ཁེ་ལས་དང་། འཛུགས་སྐྲུན་རྣམ་གྲངས། ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཅས་ཀྱི“ལས་ཐོག་གསོ་སྦྱོང”བརྒྱུད་མི་ཐེངས་2976ཡན་ལ་གསོ་སྦྱོང་བྱེད་མཁན་རེད།

ཕྱོགས་ཁག་མཉམ་དུ་ཞུགས་པའི་ལམ་སྲོལ་བཙུགས་ནས་མཉམ་ཤུགས་གཅིག་སྡུད་བྱས་པ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས“ཁེ་ལས་བཅུ་ཡིས་གྲོང་ཚོ་བཅུ་ལ་རོགས་སྐྱོར་བྱེད་པའི”བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད། རོགས་སྐྱོར་མ་དངུལ་སྒོར་ཁྲི་3824དོན་འཁྱོལ་བྱས་པས་མང་ཚོགས་8541ལ་ཕན་པ་ཐོབ་ཡོད། བོད་ལྗོངས་མངའ་རིས་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན“ཞིང་ཆེན་གཉིས་ཀྱི་ཁེ་ལས་གསུམ”གྱིས་བོད་སྐྱོར་འཆར་གཞིའི་རྣམ་གྲངས་67དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་12.82བཏང་ཡོད། འཛད་སྤྱོད་དབུལ་སྐྱོར་བརྒྱུད་དབུལ་སྐྱོར་ཐོན་རྫས་བཙོངས་པའི་ཡོང་འབབ་སྒོར་ཁྲི་4310ཟིན་ནས་མང་ཚོགས་4694ལ་ཕན་པ་ཐོབ་ཡོད། འདི་ལོ་ཚུན་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་དམ་འཛིན་མཐའ་འཁྱོངས་དང་། གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་བྱེད་པའི་རྣམ་གྲངས་103དོན་འཁྱོལ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་8.57གཏོང་རྒྱུ་ཡིན་པ་རེད།

ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལམ་སྲོལ་བཙུགས་ནས་འགན་ལེན་ལ་སྐུལ་འདེད་བཏང་བ། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་འདུ་ཤེས་བརྟན་པོ་བཙུགས་པ་བརྒྱུད། “རྒྱལ་ཡོངས་ཀྱི་སྒྱུར་བཅོས་གདོང་ལེན་པ”དང་། “རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ” “འབད་འཐབ་པ་མཛེས་ཤོས”བཅས་ཀྱི་མཚན་སྙན་འཐོབ་མཁན་ཉི་མ་དོན་གྲུབ་དང་། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབད་འཐབ་ཀྱི་བྱ་དགའ་འཐོབ་མཁན་སྐྱིད་སྐྱིད་ལྷ་མོ་སོགས་ཕུལ་བྱུང་གི་གཞི་རིམ་ཏང་དོན་ལས་དོན་པ་ཁག་གཅིག་ཐོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།