བོད་ལྗོངས་ཀྱིས་དངོས་སུ་འབྲུ་རིགས་འདེབས་པའི་ཞིང་བར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི3109རྩིས་སྤྲོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་བའི་འབྲུ་འདེབས་ཡོང་འབབ་ལ་འགན་སྲུང་བྱེད་པ་དང་འབྲུ་འདེབས་ཞིང་བའི་ཡོང་འབབ་བརྟན་བརླིང་དུ་གཏོང་ཆེད། ཉེ་ཆར་ཀྲུང་དབྱང་གིས་བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་འདེབས་པའི་ཞིང་བར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི3093སྤྲད་པ་དང་། མིག་སྔའི་བར་མ་དངུལ་ཚང་མ་དངོས་སུ་འབྲུ་འདེབས་ཞིང་བའི་ལག་ཏུ་སྤྲད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཀྲུང་དབྱང་གིས་རྩིས་སྤྲོད་བྱས་པའི་ཁ་གསབ་མ་དངུལ་ཐོག་ས་གནས་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི3109.44བསྣན་ནས་མི་གྲངས་ཁྲི་128.84དང་ཁྱིམ་ཚང་ཁྲི29.11ལ་དོན་འཁྱོལ་བྱས། མི་རེར་ཆ་སྙོམས་ཡོང་འབབ་སྒོར24.13འཕར་བར་སྐུལ་ཁྲིད་བྱས་ཤིང་། ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར106.82འཕར་སྣོན་བྱུང་ཡོད། 

བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཞིང་ལས་དང་ཞིང་སྡེ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཏུང་ཧའོ་ཏེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཁ་གསབ་མ་དངུལ་ནི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་མ་དངུལ་ཡིན་པ་དང་རྩིས་སྤྲོད་ཁྱབ་ཁོངས་གཙོ་བོ་ནི་བོད་ལྗོངས་ཀྱི་ཁྱབ་ཁོངས་སུ་བཏབ་པའི་འབྲུ་རིགས་སྐྱེ་དངོས་ཡིན་ཞིང་། དེའི་ཁྲོད་ནས་དང་གྲོ། ཆུ་འབྲས། མ་རྨོས་ལོ་ཏོག དཀྱུས་འབྲུ་སོགས་འབྲུ་རིགས་ཚུད་ཡོད་པ་དང་། བྲེ་བྲག་ཏུ་དོན་དངོས་ཀྱི་འདེབས་འཛུགས་རྒྱ་ཁྱོན་ལ་གཞིགས་ནས་ཞིབ་རྩིས་དང་ཁ་གསབ་ཚད་གཞི་བཟོས་ཡོད། རྩིས་སྤྲོད་བྱ་ཡུལ་ནི་དངོས་སུ་འབྲུ་རིགས་འདེབས་པའི་ཞིང་བ་ཡིན། བྱེ་བྲག་ཏུ་རྒྱུན་འཁོར་ས་ཞིང་དུ་འབྲུ་རིགས་འདེབས་པའི་དུད་ཆེན་དང་། ཁྱིམ་ཚང་ཞིང་ར། ཞིང་བའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་བ་ཚུད་ཡོད་ཟེར། 

“ལས་དོན་འདི་ཡག་པོ་བསྒྲུབ་ཆེད། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཉིན་གཉིས་ནང་མ་དངུལ་རྩིས་སྤྲོད་དང་། ལག་བསྟར་ཇུས་གཞི་དང་བཀོལ་སྤྱོད་ཚད་གཞི་གཏན་འབེབས་བྱེད་པ་སོགས་ཀྱི་བྱ་བ་ལེགས་འགྲུབ་བྱས། མ་དངུལ་རྩིས་སྤྲོད་ཁྱབ་ཁོངས་དང་རྩིས་སྤྲོད་བྱ་ཡུལ། རྩིས་སྤྲོད་བྱེད་སྟངས། རྩིས་སྤྲོད་དུས་བཅད། ཡོངས་བསྒྲགས་སྤྱི་བསྒྲགས། སྲིད་ཇུས་དྲིལ་བསྒྲགས། མ་དངུལ་ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་ལ་བླང་བྱ་ཁ་གསལ་བཏོན་ཡོད་པ་མ་ཟད། ཆེད་མི་མངགས་ནས་ལས་དོན་དེའི་འགན་འཁུར་དུ་བཅུག་སྟེ་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཉིན་ལྟར་བཀོད་གཏོང་གི་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་བྱ་བའི་འཕེལ་ཕྱོགས་ཚོད་འཛིན་བྱས་ནས་མ་དངུལ་དུས་ཐོག་ཏུ་བདེ་འཇགས་ངང་འབྲུ་རིགས་འདེབས་པའི་ཞིང་བ་རེ་རེའི་ལག་ཏུ་སྤྲོད་པར་ཁག་ཐེག་བྱས་ཡོད”ཅེས་ཏུང་ཧའོ་ཏེན་གྱིས་དེ་ལྟར་བཤད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།