བོད་ལྗོངས་ཀྱི་ལོ་སྟོད་ཀྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་སྒོར་དུང་ཕྱུར19.84ལ་སླེབས་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་འགག་སྒོའི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ལོ་སྟོད་ལ། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་གཏོང་ཡོང་སྤྱི་འབོར་སྒོར་དུང་ཕྱུར19.84ལ་སླེབས་པ་དང་དུས་མཉམ་ལས་ལྡབ1.4འཕར་ལ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་། ཕྱིར་གཏོང་སྤྱི་འབོར་སྒོར་དུང་ཕྱུར8.79དང61.3%འཕར་ལ། ནང་འདྲེན་སྤྱི་འབོར་སྒོར་དུང་ཕྱུར11.05དང་ལྡབ2.9འཕར་ཡོད། ད་ལོའི་ཟླ2པ་ནས་བཟུང་། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ལ་བསྟུད་མད་ཟླ5རིང་གོང་དུ་འཕར་བ་རྒྱུན་འཁྱོངས་བྱས་ཡོད། ཟླ6པར་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར5.21ལ་སླེབས་ཤིང་ལྡབ4.0འཕར་ཡོད།

ལྷ་སའི་འགག་སྒོ་ཕྱོགས་བསྡུས་ལས་དོན་ཁྲུའུ་དང་པོའི་བསྡོམས་རྩིས་ཁའོ་ཡི་ཁའོ་ཀྲང་ཡོན་ཅིན་ཐའོ་ཡིས་དབྱེ་ཞིབ་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་ལ། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ལ་གྲུབ་འབྲས་གཡུར་ཏུ་ཟ་བ་ཐོབ་པ་ནི་གཙོ་བོ་ཕྱོགས་གཉིས་ཀྱི་རྒྱུ་རྐྱེན་ལ་རག་ལས་པ་ཡིན་ཏེ། གཅིག་ནི་ལྗོངས་ཡོངས་ཀྱི་དཔལ་འབྱོར་མུ་མཐུད་དུ་ལེགས་པོའི་སྒོ་ནས་ནང་གནས་སྒུལ་ཤུགས་བསྐྱེད་པ་དང་། རིམས་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་སོང་བ་དང་བསྟུན། ལྗོངས་ནང་ཁུལ་གྱི་ཐོན་སྐྱེད་དང་འཛད་སྤྱོད་དགོས་མཁོ་ཇེ་ཆེར་སོང་སྟེ། ཕྱི་ཕྱོགས་ཉོ་ཚོང་གི་རྒྱ་བསྐྱེད་དང་ནང་འདྲེན་ལ་འདེགས་སྐྱོར་ནུས་ལྡན་ཐོབ་ཡོད། གཉིས་ནི་གོ་ལ་ཡོངས་ཀྱི་རིམས་འགོག་ཚོད་འཛིན་གྱི་གནས་བབ་ཇེ་ལེགས་སུ་སོང་བ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དངུལ་ལོའི་ཁོད་ཡངས་སྲིད་ཇུས་ཀྱི་སྐུལ་འདེད་འོག གོ་ལ་ཧྲིལ་བོའི་དཔལ་འབྱོར་སླར་གསོ་བྱུང་ལ། ཉོ་ཚོང་རོགས་ཟླའི་དགོས་མཁོ་ཡང་དེ་བསྟུན་གྱི་སླར་གསོ་བྱུང་བས་བོད་ལྗོངས་ཀྱི་ཕྱིར་གཏོང་ལ་སྐུལ་སྤེལ་ཐོབ་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།