ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་རིང་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གནང་བར་བོད་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ་བདུན་པའི་ཚེས21ཉིན་ནས་ཚེས23ཉིན་བར་བོད་དུ།  ལས་དོན་རྟོག་ཞིབ་ཏུ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ལ་ལྗོངས་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་།  ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ངེས་པར་དུ་བློ་ལ་བརྟན་པོར་ངེས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་པོ་དང་གནད་ལ་འཁེལ་པོ།  ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་མ་ཟད།  འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཀྱང་བྱས་ནས།  མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱས་ཏེ།  གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཡོད།

བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70སོང་རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་བྱེད་སྐབས།  ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་གྱི་ཐུགས་ཁུར་འོག  རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འཇོག་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་།  སྐྱེ་ཁམས་ཤེས་དཔལ་གྱི་སྲིད་ཇུས་ལམ་ལུགས་མ་ལག་ནན་པོ་ཞིག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བ་བཅས་བྱས་ཏེ།  དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བ་དང་དུས་མཚུངས།  སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཀྱང་རྒྱུན་མཐུད་ལེགས་པོ་ཡོང་རྒྱུ་འགན་ལེན་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།