བོད་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་པོ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཛུགས་སྐྱོང་དང་ཟུང་འབྲེལ་བྱས་ཐོག  སྲིད་ཇུས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གཞི་ལག་བསྟར་བྱས་ཡོད།  སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་ནི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པ་དེ་ད་ཆ་སྤྱི་ཚོགས་ཀྱི་གཅིག་མཐུན་ངོས་འཛིན་དུ་གྱུར་བ་དང་།  ས་མཐོའི་ས་གཞི་ཆེ་མོའི་སྐྱེ་ཁམས་སྲུང་མཁན་དུ་འགྱུར་བའི་ཞིང་འབྲོག་པ་ཇེ་མང་དུ་ཕྱིན་ནས་བོད་ཀྱི་རི་ཀླུང་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་རྒྱུ་བྱུང་ཡོད།

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོས་ནགས་ཚལ་སྐྱེ་ཁམས་སྐྱོང་གསབ་ཆེད་དངུལ་སོགས་ལ་བརྟེན་ནས་ལས་གནས་དང་མི་སྣ།  འགན་འཁྲི།  ཐོབ་ཆ་བཅས་གཏན་འཁེལ་གྱི་སྲིད་ཇུས་ལག་བསྟར་བྱས་པས་གྲོང་མི་མང་པོ་ཞིག་ནགས་སྲུང་པར་གྱུར་ཡོད།  ནགས་སྲུང་པ་ཡིན་པའི་གྲོང་མི་བག་བྲོས་ལོ་འདི་དག་ནང་མངའ་ཁོངས་ཀྱི་ས་ཆ་ཚང་མར་སྐྱོད་ཡོད།  ད་ཆ་སྟག་རྩེ་ཆུས་སུ་བག་བྲོ་དང་འདྲ་བའི་ཆེད་བསྐོས་ནགས་སྲུང་པ230ལྷག་ཙམ་དང་ནགས་སྲུང་པ་གཅིག་ལྕོགས1600ཡོད།

ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དགའ་ཐང་གྲོང་ཚོ་ས་བབ་མཐོ་བའི་རྐྱེན་གྱིས་ཉེ་འཁོར་དུ་རྩི་ཤིང་དཀོན་པོ་ཡོད་ཀྱང་།  ཉེ་བའི་ལོ་ཤས་ནང་དེ་ཁུལ་གྲོང་མི་ཚོས་ཤིང་འཛུགས་ཧུར་ཐག་བྱས་པས།  ད་ཆ་ཁྱིམ་ཚང་ཚང་མའི་ཁང་པའི་རྒྱབ་མདུན་དུ་ལྕང་མ་ཡག་པོ་སྐྱེས་ཡོད་ཅིང་གྲོང་མི་ཚོས་གྲོང་ཚོའི་རི་རྒོད་ཐོག་ཏུ་ཡང་ལྕང་མ་བཙུགས་ཡོད།  དགའ་ཐང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ་ཆོས་སྒྲོན་ནས།  སྤྱི་ལོ2018ལོའི་ཡས་མས་སུ་གྲོང་ཚོའི་ནང་ལྕང་མ་ཉིས་བརྒྱ་ལྷག་ཙམ་བཏབ་པ་དེ་དག་གསོན་ཚད60%ཟིན་ཡོད་ཅེས་ངོ་སྤྲོད་གནང་། 

ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ་དང་རྩྭ་རྩི་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བ།  གངས་རི་འཁྱགས་ཀླུང་ལྟ་ན་སྡུག་པ་སོགས་བོད་ཀྱི་གང་སར་ལྟ་བས་མི་ངོམས་པའི་མཛེས་ལྗོངས་ཀྱིས་ཁེངས་ཡོད་ཅིང་།  སྐྱེ་ཁམས་སྲུང་སྐྱོང་ལས་དོན་གོང་འཕེལ་བཏང་བ་དེས་མི་རིགས་ཁག་གི་མང་ཚོགས་ལ་སྐྱེ་ཁམས་ཀྱི་ཕན་པ་ཆེན་པོ་སྐྲུན་ཡོད།  རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་སྤྱི་ཁྱབ་བཟོ་བཀོད་པ་ཀའོ་ཞའོ་ཡུན་གིས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་གོང་འཕེལ་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་དེ་རེད་ཅེས་མཛུབ་སྟོན་གནང་ཡོད།  ཉེ་བའི་ལོའི་ནང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་ནས་གནང་བའི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་ཇི་མ་ཇི་བཞིན་བསྟར་བ་དང་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས།  ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་པོ་བྱུང་ཡོད་ཅེས་གསུངས།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།