“ལྗང་མདོག་དངུལ་ཁང”གིས་ཀ་ལ་གྲོང་ཚོའི་གཞི་གདན་མཛེས་ཤོས་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་21ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་ཕེབས་ཏེ། ཀ་ལ་གྲོང་ཚོའི“ལྗང་མདོག་དངུལ་ཁང”གི་བརྗེ་སྒྱུར་ཚོང་ཁང་གི་འདུ་ཤེས་དང་གཉེར་སྐྱོང་བྱེད་སྟངས་ཀྱི་ངོ་སྤྲོད་གསན་པ་རེད།

“ངས་ངོ་སྤྲོད་ཞུ་རིང་སྤྱི་ཁྱབ་ཧྲུའུ་ཅིས་དབུ་ལྕོག་ལྕོག་ཡང་ཡང་གནང་བ་མ་ཟད། ད་དུང་བཞད་མོ་བཞད་ཀྱིན‘ཁྱེད་ཚོས་ལས་ཀ་ཡག་པོ་བྱས་འདུག མུ་མཐུད་ཤུགས་རྒྱོབ། མུ་མཐུད་འབད་བརྩོན་བྱེད་དགོས’”ཞེས་གསུངས་བྱུང་། ཡེ་ཤེས་ཆོས་སྒྲོན་ནི་ཀ་ལ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཞིག་རེད། “ལྗང་མདོག་དངུལ་ཁང”གི་བརྗེ་སྒྱུར་ཚོང་ཁང་དོ་དམ་གཉེར་སྐྱོང་བྱེད་པ་ནི་ཁོང་གི་ལས་ཀའི་གྲས་ཤིག་རེད།

“ང་ཚོའི་གྲོང་ཚོ་རྒྱལ་ལམ་དང་ཐག་ཉེ་པོ་ཡོད་ལ། ལོ་མང་རིང་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གཏང་ཡུལ་གཙོ་བོ་ཞིག་ཀྱང་ཡིན་པས་དེ་གར་སྔོ་གསོལ་དུ་ཡོང་མཁན་ཡུལ་སྐོར་བ་མང་དུ་འགྲོ་ཡི་འདུག་ལ། གད་སྙིགས་གཙང་སེལ་གྱི་ལས་ཀའང་མང་དུ་འགྲོ་ཡི་འདུག” ཡེ་ཤེས་ཆོས་སྒྲོན་གྱིས“ང་ཚོས‘ལྗང་མདོག་དངུལ་ཁང’གི་བརྗེ་སྒྱུར་ཚོང་ཁང་བཙུགས་པ་བརྒྱུད། གད་སྙིགས་རིགས་དབྱེའི་ནང་རང་འགུལ་ངང་ཞུགས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཡུལ་མིའི་ཧུར་སེམས་འཕེལ་ཐུབ་པ་བྱེད་རྩིས་ཡོད”ཅེས་བཤད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀ་ལས་གྲོང་ཚོའི་མི་སེར་ལ་དཔལ་འབྱོར་གྱི་ཕན་འབྲས་ཐོབ་པ་མ་ཟད། རང་ཉིད་ཀྱི་འདུ་ཤེས་ཤིག་ཏུའང་རིམ་བཞིན་གྱུར་ཡོད།

ཡུལ་མི་མི་ཉུང་བ་ཞིག་གིས་ཐོན་སྐྱེད་དང་འཚོ་བའི་བར་གསེང་ལ་འཆམ་འཆམ་དུ་སྐྱོད་ཞོར་དུ་གྲོང་ཚོའི་ནང་གི་གད་སྙིགས་སྒྲུག་གི་ཡོད། ཚང་མས་གད་སྙིགས་སྒྲུག་ཐེངས་རེ་རེར“ཁམ་བུའི་གྲོང་ཚོར”སྐྱེ་ཁམས་ཀྱི་གཞི་གདན་ཞིག་སྣོན་ཐུབ་ཀྱི་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་1ཚེས་4ནས་ཟླ་7ཚེས་22ཉིན་བར་ལས་གཉེར་བྱས་པའི་བར་དུ“ལྗང་མདོག་དངུལ་ཁང”གི་བརྗེ་སྒྱུར་ཚོང་ཁང་གིས་སྐར་གསོག་ཁྲི་26ལྷག་ཙམ་དང་རིན་ཐང་སྒོར་2600ལྷག་ཙམ་རི་བའི་ཚོང་ཟོག་སྣ་ཚོགས་བརྗེ་སྒྱུར་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གད་སྙིཌ་རིཌ་དབྱེ་ཞེས་པའི“འགག་རྩའི་དོན་ཆུང”འདིར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། ཁོང་གིས“གད་སྙིགས་རིགས་དབྱེ་བྱེད་པ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་ཐོན་ཁུངས་གྲོན་ཆུང་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད”ཅེས་ནན་བཤད་གནང་ཡོད།

ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་བླང་བྱ་ལྟར། རང་ལྗོངས་ཀྱིས་གད་སྙིགས་རིགས་དབྱེའི་ལམ་ལུགས་མགྱོགས་མྱུར་ཁྱབ་གདལ་བཏང་བ་དང་། གད་སྙིགས་རིགས་དབྱེའི་ལས་དོན་གནས་ནས་ཁྱོན་བར་རིམ་བཞིན་སྤེལ་འགོ་བཙུགས་པར། ཕན་འབྲས་རགས་ཙམ་ཐོན་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་གོམ་སྟབས་གསར་པ་སྤོས་ཡོད།

མིག་སྔར་ལྗོངས་ཡོངས་སུ་གྲོང་ཚོ་1149ཡིས་གད་སྙིགས་རིགས་དབྱེ་བྱེད་པ་དང་། གྲོང་ཚོ་5177དུ་གད་སྙིགས་གཅིག་སྡུད་ས་ཚིགས་བཙུགས་པ། གྲོང་ཚོ་2021གིས་གད་སྙིགས་བསྡུ་འདྲེན་མ་ལག་བཙུགས་ཡོད།

མི་དེ་བས་མང་བར་གད་སྙིགས་རིགས་དབྱེའི་གོམས་གཤིས་འཇགས་པ་དང་ཆབས་ཅིག “རིགས་དབྱེའི”སྐུལ་འདེད་ཤུགས་ཆེན་གཏོང་རིང་ཤེས་དཔལ་གྱི་གོམས་སྲོལ་གསར་པ་ཡང་ཆགས་ཤིང་། ཀ་ལ་གྲོང་ཚོ་དང་འདྲ་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་མང་པོ་སྐར་ཚོགས་བཞིན་དུ་གངས་ལྗོངས་ས་མཐོར་ཁྱབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།