མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ15སོང་རིང་བོད་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི2963.27ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2006ལོའི་ཟླ་7པར་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་ནས་2021ལོའི་ཟླ་6པའི་ཟླ་མཇུག་བར་མཚོ་བོད་ཚོགས་པ་ཀུང་སིས་རིམ་རྩིས་བྱས་ན། བོད་ནས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི6834.71ཟིན་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི2963.27ཟིན་ཡོད། 

2006ལོའི་ཟླ7ཚེས1ཉིན་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ལ། ལྕགས་རི་རིང་པོ་དང་འགྲན་ཕོད་པའི“འཛམ་གླིང་ཡང་རྩེའི་ངར་ལྕགས་ལམ་བུ”དེ་བསྐྲུན་པ་དེ་ཐོག་ནས་བོད་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་སྟབས། མཚོ་བོད་ལྕགས་ལམ་ཇུས་འགོད་དང་འཛུགས་སྐྲུན་ནས་གཉེར་སྐྱོང་དང་བདག་སྐྱོང་བར་ཐོག་མཐའ་བར་གསུམ་དུ“ཁོར་ཡུག་སྲུང་སྐྱོང་སྔོན་བསྟར”གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་ཆེད་སྤྱོད་བགྲོད་ལམ་བསྐྲུན་པ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས། 2014ལོར་ལྷ་གཞིས་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་བོད་ཀྱི་ལྷོ་ནུབ་ས་ཁུལ་དུ་གཞུང་ལམ་ཁོ་ནར་བརྟེན་ནས་སྐྱེལ་འདྲེན་བྱེད་པའི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཏེ། བོད་ཀྱི་གྲོང་ཁྱེར་ཆེ་ཤོས་གཉིས་ཏེ་ལྷ་ས་ནས་གཞིས་རྩེ་བར་གྱི་དུས་ཚོད་ཀྱང་གཞུང་ལམ་སྐྱེལ་འདྲེན་གྱི་ཆུ་ཚོད་6ནས་ལྕགས་ལམ་སྐྱེལ་འདྲེན་གྱི་ཆུ་ཚོད་2དང་སྐར་མ་47བར་ཐུང་དུ་ཕྱིན་པས། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་ཚོས་ལོ་མང་རེ་སྒུག་བྱེད་པའི“ལྕགས་ལམ་གྱི་ཕུགས་འདུན”མངོན་འགྱུར་བྱུང་ཡོད།

2021ལོའི་ཟླ6པའི་ཟླ་མཇུག་བར་ལྷ་གཞིས་ལྕགས་ལམ་ལས་འགྲུལ་པ་མི་ཐེངས་ཁྲི832.8སྐྱེལ་འདྲེན་བྱས་པ་དང་དངོས་ཟོག་ཏུན་ཁྲི11.49དབོར་འདྲེན་བྱས་ཡོད།

2021ལོའི་ཟླ6ཚེས25ཉིན་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་གློག་རླངས་ཤུགས་འགྲེམས་མེ་འཁོར་བོད་ཀྱི་ལྷ་ས་རུ་བཏང་བས་བསྐྱར་དར་རྟགས་ཅན་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ལ་ཁྱབ་ཡོད།

བོད་ཀྱི་ཟམ་མི་ཆད་པར་རྒྱ་སྐྱེད་བྱུང་བའི་ལྕགས་ལམ་དྲ་བས་མཚོ་བོད་ས་མཐོར་སྐྱེལ་འདྲེན་གྱི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད། ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས། བོད་ཀྱི་ལྕགས་ལམ་དྲ་བ་ནང་འབར་དུས་རབས་ནས་གློག་རླངས་ཅན་གྱི་དུས་རབས་སུ་མཆོང་སྐྱོད་ཐུབ་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གཏིང་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། 2021ལོའི་ཟླ6པའི་ཟླ་མཇུག་བར་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ལྕགས་ལམ་གཉེར་སྐྱོང་རིང་ཚད་སྤྱི་ལེ1357ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།