ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“མེད་པ་བཞིའི”འཁོར་རིགས་ལ་གཅིག་སྡུད་གྲལ་བཤེར་བྱས་པ།

3df3c677-84c2-4439-b860-749e2ff64387.jpg

འདི་ནི་མི་དམངས་ཉེན་རྟོག་པས་ལམ་ཟུར་དུ་སྒྲིག་འགལ་ངང་བཞག་པའི་རླངས་འཁོར་ལ་ཞིབ་བཤེར་ཐག་གཅོད་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ“ཉུང་དུ་གཏོང་བ་དང་སྔོན་འགོག་ཚོད་འཛིན་བྱ་རྒྱུའི”སྐོར་གྱི་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་ཆེད། ད་ལོའི་ཟླ6པར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལས་འཛོལ“ཉུང་དུ་གཏོང་བ་དང་སྔོན་འགོག་ཚོད་འཛིན་བྱ་རྒྱུའི”ལས་ཀའི་བཀོད་སྒྲིག་ལ་མུ་མཐུད་གཞིགས་ནས་གནད་དོན་དང་ཞན་ཆ་འཚོལ་ཞིབ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བ་གོ་སྐབས་སུ་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་དོ་དམ་གྱི་ལས་དོན་ཧུར་ཐག་སྤེལ་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། འགྲོ་ལམ་གྱི་མངོན་མེད་རྐྱེན་ངན“བཅོས་སྒྲིག་ཆེན་པོ”བྱེད་པའི་ཐད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འབྲེལ་ཡོད་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ། ཞིབ་ཕྲ་ཅན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་ལས་དོན་སྤེལ་བ་དང་སྦྲགས་རྫོང(ཆུས་)ཁག་ཏུ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པར་བསྐྱོད་དེ། རྫོང(ཆུས)ཁག་ལ་གྲལ་བཤེར་ཐུབ་པའི་འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་རེ་རེ་བཞིན་ལ་དག་ཐེར་གྱི་བྱ་ཐབས་བཟོས་ཏེ“གནས་རེར་བྱ་ཐབས་རེ”ཡོད་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

གཙོ་གནད་འཁོར་རིགས་བཅོས་སྒྲིག་བྱེད་པའི་ཐད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ལ་དམ་པོར་དམིགས་ཏེ། འགྲིམ་འགྲུལ་སྡེ་ཚན་དང་མཉམ་དུ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་ལ་ཕྱོགས་ཡོངས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། སྐྱེལ་འདྲེན་ཁེ་ལས་ཀྱིས་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་དག་ཐེར་བྱ་རྒྱུར་སྐུལ་མ་བཏང་ནས། འཁོར་རིགས་ལ་སྐྱོན་ཡོད་བཞིན་དུ་འགྲོ་ལམ་ཐོག་གཏོང་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་པ་རེད། དེ་དང་དུས་མཚུངས་སུ“མེད་པ་བཞིའི”འཁོར་རིགས་ལ་དམ་པོར་དམིགས་ནས་གྲོང་ཁྱེར་གྱི་ཁུལ་ཁོངས་ཁག་དང་རྫོང་དང་ཆུས་ཀྱི་ཁུལ་ཁོངས་ཁག་ཏུ་འཁོར་རྟགས་མེད་པ་དང་། ལག་ཁྱེར་མེད་པ། འགན་བཅོལ་མེད་པ། ཞིབ་དཔྱད་མཚོན་རྟགས་མེད་པ་བཅས་ཀྱི“མེད་པ་བཞིའི”འཁོར་རིགས་ལ་གཅིག་སྡུད་ཐོག་གྲལ་བཤེར་ཐེངས་གཅིག་བྱས་ཏེ། གཙང་བཤེར་མཐར་ཕྱིན་དང་རྩིས་ཁྲ་བཟོས་པ་རེད། ཞིང་འཕྲུལ་འཁོར་རིགས་ཡིན་པའི་གྲོང་གསེབ་ཀྱི་ཐོ་ཕྲུག་དང་ཞིང་འཕྲུལ་ལ་ལྡོག་འོད་མཚོན་རྟགས་སྦྱོར་རིགས་ལ་གཞིགས་ནས། བཟོ་ལྟ་སྒྱུར་བ་དང་བེད་མེད་དུ་ལུས་པའི་ཐོ་ཕྲུག་འགྲོ་ལམ་ཐོག་གཏོང་རིགས་ལ་ཞིབ་བཤེར་ནན་པོ་བྱས་པ་རེད།

གཙོ་གནད་ཁྲིམས་འགལ“བཅོས་སྒྲིག་ཆེན་པོ་བྱེད་པའི”ཐད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་དོ་དམ་གྱི་བྱ་ཐབས་གྲོང་གསེབ་ཏུ་ཁྱབ་གདལ་བཏང་སྟེ། ཉེན་རྟོག་པའི་སྟོབས་ཤུགས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དང་། འཁོར་རིགས་འགྲོ་འོང་ཅུང་མང་བའི་གྲོང་གསེབ་ཀྱི་གཞུང་ལམ་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མངགས་པ་དང་། ལས་ཁུངས་ཀྱི་ཉེན་རྟོག་པའི་སྟོབས་ཤུགས་གཞི་རིམ་དུ་སྐོང་འཐེན་བྱས་ཏེ། འཐབ་ཕྱོགས་དང་པོའི་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གསབ་སྟེ། ལས་འཛོལ་མང་པོ་ཐོན་པའི་དུས་ཚོད་དང་ལམ་དུམ་དུ་སྟབས་བསྟུན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། དེ་དང་དུས་མཚུངས། རྒྱུན་རྣམ་ཅན་གྱི་རྡུང་རྡེག་དང་གཅིག་སྡུད་ཞིབ་བཤེར་ཟུང་འབྲེལ་བྱས་ཏེ་བར་མཚམས་མེད་པར་རྒྱུན་རྣམ་ཅན་གྱི་ཁྲིམས་འཛིན་བྱས་ཏེ། དམ་བསྒྲགས་དང་དོ་དམ་ནན་པོའི་རྣམ་པ་ཏན་ཏིག་ཆགས་པར་བྱས་ཡོད། ཟླ་6པར་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཁག་ཁྱོན་56864ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།