“ས་མཐོའི་སྐལ་བཟང་མེ་ཏོག་མཛེས་ཤོས”སྒྲོལ་དཀར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6ཚེས29ཉིན། བོད་ལྗོངས་ལྷོ་ཁའི་སྲོལ་རྒྱུན་བོད་ཆས་གྱོན་པའི་ལོ་60ལ་སླེབས་པའི་ཡུལ་སྨད་ཤང་གི་དེ་སྔའི་ཤང་ཀྲང་སྒྲོལ་དཀར་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་ནས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ལེན་སྐབས་ཁོང་ལ་སེམས་འགུལ་ཚད་མེད་ཐེབས།

“རྒྱལ་གཅེས་མཐའ་སྲུང་སྙིང་སྟོབས”ཀྱི་རྒྱུན་འཛིན་པ་ཡིན་པའི་སྒྲོལ་དཀར་གྱིས་ལོ་བཅུ་ཉིན་གཅིག་ལྟར་མེས་རྒྱལ་གྱི་མཐའ་མཚམས་སུ་ཕྱུགས་འཚོ་ཞོར་དུ་སྐོར་གཡེང་བྱས་ནས་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས“དཀའ་སྡུག་ག་ཚོད་མྱོང་དགོས་བྱུང་རུང་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་ཡག་པོ་སྲུང་དགོས་པའི”དམ་བཅའ་ལག་ལེན་དུ་འཁྱོལ་བར་བྱས་ཏེ་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དུས་རབས་ཀྱི་བསྟོད་གླུ་བརྩམས།

1.jpg

བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན།

【བརྟན་སྲུང་། “མི་གསུམ་ཤང”གི་ངོ་མཚར་གཏམ་རྒྱུད】

ཡུལ་སྨད་ཤང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཁོངས་སུ་གཏོགས་པ་དང་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་ཡོད།

1995ལོའི་གོང་གི་ལོ་བཅུ་གྲངས་རིང་སྒྲོལ་དཀར་དང་ཁོང་གི་གཅུང་མོ་གཡང་འཛོམས་དང་དེ་བཞིན་ཕ་སངས་རྒྱས་ཆོས་པ་ནི་ས་ཆ་དེ་གའི་ཡུལ་མི་གསུམ་པོ་དེ་རེད།

ཁང་པ་གཅིག་རང་ཡོད་པ་དེ་ཤང་སྲིད་གཞུང་ཡིན་ལ་ཁོང་ཚོའི་ཁྱིམ་ཡང་རེད།

ལོ་བཅུ་གྲངས་རིང་ཧི་མ་ལ་ཡའི་ལྷོ་རྒྱུད་དུ་གནས་པའི་ཐག་རིང་ལུང་ཁུག་དེར་ལོ་ལྟར་ལོ་ཕྱེད་ཙམ་རི་ཀླུང་ཁ་བས་འགགས་ནས“ཁེར་ཆགས་གླིང་ཕྲན”ངོ་མར་གྱུར་གྱི་ཡོད།

ལོ་ལྟར་ཧིན་རྡུ་རྒྱ་མཚོ་ཆེན་པོའི་དུས་རླུང་ལྡང་གི་ཡོད་པས་འདི་གར་ཆར་ཆུ་འབེལ་པོ་ཡོད་མོད། འོན་ཀྱང་ས་རྒྱུ་གཤིན་པའི་ཡུལ་སྨད་དུ་ལོ་ཏོག་སྐྱེ་འཚར་ཡོང་གི་མེད། “འབྲུ་རིགས་དབོར་རིམ་བཞིན་མི་དང་རྟ་ལ་བརྟེན་ནས་རྐང་ཐང་མར་ཀྱག་ཀྱོག་གི་ལམ་འཕྲང་དང་འདམ་རྫབ་ཀྱིས་ཁེངས་པའི་ནགས་ཚལ་བརྒྱུད་དགོས་པ་དང་། དེ་རྗེས་ས་བབ་མཐོ་ཚད་སྨི་5000ཙམ་ཟིན་པའི་རིབ་ལ་བརྒྱབ་ཚེ། གཞི་ནས་སྤྱི་ལེ་40ལྷག་ཙམ་གྱི་སར་ཡོད་པའི་ཐག་ཉེ་ཤོས་ཀྱི་གཞུང་ལམ་ཞིག་ཏུ་འབྱོར་གྱི་ཡོད”ཅེས་སྒྲོལ་དཀར་གྱིས་དྲན་གསོ་བྱེད་བཞིན་དུ་བརྗོད།

1962ལོའི་རྗེས་སུ་མི་ཁག་མང་པོ་ཞིག་འདི་གར་ཡོང་བ་དང་། ཕྱིས་སུ་ཚང་མ་སྤོས་ཕྱིན་པ་རེད།

2.jpg

1983ལོར་སྲིད་གཞུང་གིས་དུད་ཚང་3ལས་མེད་པའི་ཡུལ་སྨད་ཀྱི་མི་ཁྱིམ་ཚང་མ་ཉེ་འཁོར་གྱི་ཆ་རྐྱེན་ཅུང་ལེགས་པའི་ཆུ་གསུམ་དུ་སྤོ་རྒྱུའི་ཐག་བཅད།

“ངའི་རྨི་ལམ་ལའང་ཡུལ་སྨད་རྨིས་ཀྱི་འདུག དེ་ནི་ང་ཚོའི་ཕ་ཡུལ་ཡིན་པས་ངེས་པར་དུ་དེར་ལོག་འགྲོ་དགོས”ཞེས་སངས་རྒྱས་ཆོས་པས་བློ་རྩ་བརྟན་པོས་བརྗོད།

དགུན་ཁ་འདས་མ་ཐག་ཕ་ཡི་ཨུ་ཚུགས་མཐའ་སྐྱེལ་འོག་སྒྲོལ་དཀར་དང་གཅུང་མོས་སླར་ཡང་ཕ་དང་མཉམ་དུ་ཡུལ་སྨད་དུ་ལོག་ནས་ནང་མི་གསུམ་པོ་ཕྱི་རོལ་ཡུལ་དང་འབྲེལ་ཐག་ཆད་པའི་འཚོ་བ་སྐྱེལ་འགོ་ཚུགས།

【བརྟན་སྲུང་། ལག་བཙེམས་རྒྱལ་དར】

ཡུལ་སྨད་ཀྱི་ས་ཁྱོན་ལ་སྤྱི་ལེ་ངོས་གྲུ་3644ཟིན་གྱི་ཡོད།

“གལ་ཏེ་ང་ཚོ་འདི་ནས་ཐོན་ཚེ་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་མེད”ཅེས་པའི་ཕ་ཡི་སྐད་ཆ་དེ་སྒྲོལ་དཀར་དང་ཁོང་གི་གཅུང་མོས་ཚེ་གང་སེམས་སུ་བརྟན་པོར་བཅངས།

ཉིན་ཞིག་ཕ་ཡིས་སྒམ་བསྔོགས་ནས་དུས་རྒྱུན་གྱོན་གོས་བཟོ་བྱེད་ཀྱི་རས་དམར་པོ་དང་སེར་པོ་བཏོན་ཏེ་དྲས་འཚེམ་བྱས་པ་ད་བར་སྒྲོལ་དཀར་གྱི་དྲན་པོའི་ངོས་སུ་གསལ་པོར་ངེས་ཡོད།

སྐབས་དེ་དུས་ཁོང་གི་བསམ་པར་ཕ་ཡིས་གཅེན་གཅུང་གཉིས་པོར་གྱོན་གོས་གསར་པ་ཞིག་འཚེམ་གྱིན་འདུག་སྙམ།

ཕ་ཡིས་ཁབ་སྐུད་སྤྱད་ནས་རས་སེར་པོ་དེ་དག“མེ་ཏོག་གི་བཟོ་ལྟ་དང་འདྲ་བའི་དབྱིབས་རིས”དྲས་པ་མ་ཟད། དེ་དག་གཟབ་གཟབ་ནན་ནན་གྱིས་གྲུ་བཞི་ནར་མོའི་རས་དམར་པོའི་སྟེང་བཙེམས་པ་མཐོང་སྐབས། གཅེན་གཅུང་གཉིས་པོས་ཡ་མཚན་ཆེན་པོས“འདི་གང་རེད་དམ”ཞེས་དྲིས།

ཕ་ཡིས་འཛུམ་དམུལ་དམུལ་ངང“འདི་ནི་ཀྲུང་གོའི་རྩ་ཆེ་ཤོས་ཀྱི་ཅ་དངོས་ཤིག་རེད”ཅེས་བརྗོད།

ཉིན་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཆའི་ཁུག་སོ་ཞིག་ཏུ་སྐར་ལྔའི་དར་དམར་གཅིག་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་འདི་ནི་ཕ་སངས་རྒྱས་ཆོས་པས་བཙེམས་པའི་རྒྱལ་དར་དེ་རེད།

སངས་རྒྱས་ཆོས་པས་1960ལོ་ནས་བཟུང་ཡུལ་སྨད་ཤང་གི་ཤང་ཀྲང་གི་འགན་ཁུར་ནས་ལོ་29ཏག་ཏག་མཐའ་མཚམས་བརྟན་པོར་བསྲུངས། 1988ལོར་སྒྲོལ་དཀར་གྱིས་ཕ་ཡི་རྒྱུན་འཛིན་བྱས་ཏེ་ཤང་ཀྲང་གི་ལས་འགན་ཁུར་ནས་ལོ་23ཏག་ཏག་མཐའ་མཚམས་བརྟན་པོར་བསྲུངས།

1999ལོར་སླེབས་སྐབས་ཡུལ་སྨད་འདི་ཉིད་དུད་ཚང་5དང་མི་22བར་འཕེལ་རྒྱས་ཕྱིན་ནས་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་བོད་ཀྱི་ཞིང་འབྲོག་པའི་ཆ་སྙོམས་ཚད་གཞི་ལས་བརྒལ་ནས་སྒོར་2143ཟིན་གྱི་ཡོད་པ་རེད།

བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན།

【འཕྲིན་ལན། འཕྲེང་སེམས་ཟབ་མོ】

“བརྙན་འཕྲིན་ནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་རི་གྲོང་གི་མང་ཚོགས་ལ་འཚམས་འདྲི་གནང་བ་མཐོང་རིམ་བཞིན་སྤྱི་ཁྱབ་ཧྲུའུ་ཅིར་ང་ཚོའི་འཚོ་བ་ཡག་པོ་ཡོད་ལུགས་ཞུ་བའི་བསམ་བློ་འཁོར་བྱུང་། བསམ་ཡུལ་ལས་འདས་པར་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་འཕྲིན་ལན་སྤྲིངས་གནང་བྱུང”ཞེས་སྒྲོལ་དཀར་གྱིས་སེམས་འགུལ་ཐེབས་བཞིན་དུ་བརྗོད།

3.jpg

2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་པོས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་བརྟན་པོར་བསྲུངས་བའི་བྱ་སྤྱོད་ལ་ཁས་ལེན་གནང་བ་མ་ཟད། དུས་ཡུན་རིང་པོ་མཐའ་སྲུང་མཐའ་བརྟན་གྱི་ཆེད་དུ་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་མཐའ་མཚམས་སུ་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

【འཕོ་འགྱུར་ཆེན་པོ། མཛེས་པའི་ཡུལ་སྨད】

2017ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》བཀྲམ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མཐའ་མཚམས་ས་ཁུལ་གང་མགྱོགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

རྒྱལ་ཡོངས་ཀྱི་མཐའ་མཚམས་ས་ཁུལ་གཞན་དག་དང་འདྲ་བར་ཡུལ་སྨད་བས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཀྱང་རེ་རེ་བཞིན་མངོན་འགྱུར་ཡོང་འགོ་ཚུགས།

ལོ་དེ་རང་ལ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་ནས་ལམ་ཐག་སྤྱི་ལེ་50ཟིན་པའི་ནམ་དུས་བཞིར་ཐོགས་པ་མེད་པའི་ཆུ་གསུམ་ནས་ཡུལ་སྨད་བར་གྱི་སྣུམ་ནག་ལམ་འདིང་འགོ་ཚུགས། རྒྱལ་ཁབ་གློག་དྲ་དེ་གར་བཅའ་སྡོད་བྱས་ནས་ཡུལ་སྨད་ཤང་གི་ཁྱིམ་ཚང་ཚང་མར་WiFiཁྱབ་ཡོད། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་བསྐྲུན་པའི“བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཤང”གི་སྒྲིག་བཀོད་ཆ་ཚང་བའི་བོད་བཟོའི་སྡོད་ཁང་དང་། འཕྲོད་བསྟེན་ཁང་། གྲོང་གསེབ་ཀྱི་རིམ་གཉིས་སྲིད་འཛིན་གཞུང་ལས་ཁང་སོགས་སྟར་པ་67མཉམ་དུ་སྐྲུན་འགོ་ཚུགས།

4.jpg

2020ལོར་སླེབས་དུས་སྔོན་ཆད་ཀྱི“མི་གསུམ་ཤང”ད་ཆ་དུད་ཚང་67དང་མི་234ཟིན་པ་དང་། ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་པའི་མཐའ་མཚམས་ཀྱི་འབྱོར་འབྲིང་ཤང་དུ་འཕེལ་རྒྱས་ཕྱིན་ཡོད།

ད་ཆ། གཙང་ལ་གྲལ་འགྲིག་པའི་ཡུལ་སྨད་ཤང་གི་སྣུམ་ནག་ལམ་དུ་སྐྱོད་སྐབས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་ཁྱིམ་ཚང་མགྲོན་ཁང་དང་སྐྲུན་བཞིན་པའི་ཤང་གི་ལོ་རྒྱུས་ཁང་དང་ཡུལ་སྐོར་སྣེ་ལེན་ལྟེ་གནས་བཅས་ལས་ཡུལ་སྨད་གསར་པར་འཕོ་འགྱུར་གསར་པ་འགྲོ་བཞིན་པ་མཚོན་ཐུབ།

ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན།

【རྒྱུན་འཛིན། མི་རབས་གསུམ་གྱི་རྒྱུན་འཛིན】

དེ་སྔོན་གྲོང་ཚོར་སློབ་གྲྭ་མེད་པ་དེ་སྒྲོལ་དཀར་གྱི་སེམས་ཁྲལ་ཆེ་ཤོས་སུ་གྱུར་ཡོད། གང་ལགས་ཤེ་ན། ཕྲུ་གུ་ནི་ཡུལ་སྨད་ཀྱི་རེ་བ་ཆེ་ཤོས་ཡིན་པས་སློབ་གྲྭ་མེད་ན་ཕྲུ་གུའི་མདུན་ལམ་ཇི་ལྟར་བྱེད་དམ།

“2019ལོར་ཡུལ་སྨད་ཤང་གི་བུ་བཅོལ་ཁང་སློབ་འགོ་ཚུགས་པ་དང་འཛིན་གྲྭ་གསུམ་ལ་ཁྱོན་སློབ་ཕྲུག་18ཡོད། 2020ལོར་ཡུལ་སྨད་སློབ་ཆུང་གཉེར་བ་དང་མིག་སྔར་ལོ་རིམ་དང་པོར་སློབ་མ་8དང་ལོ་རིམ་གཉིས་པར་སློབ་མ་2ཡོད། དེང་རབས་ཀྱི་སློབ་གསོ་དང་ལེན་བྱེད་པ་ནི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་ཆེད་ཡིན”ཞེས་སྒྲོལ་དཀར་གྱིས་བཤད།

2019ལོར་སྒྲོལ་དཀར་གྱི་བུ་མོ་རྒན་པ་པ་སངས་སྒྲོལ་དཀར་སློབ་ཆེན་ཐོན། ད་ཆ་ཁོང་ནི་ཡུལ་སྨད་ཤང་སྨྱུག་གླིང་ཐང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ་ཞིག་རེད།

2021ལོར་སྒྲོལ་དཀར་གྱི་བུ་མོ་ཆུང་བ་འཆི་མེད་སྒྲོལ་དཀར་སློབ་ཆེན་ཐོན།

“ངའི་སྤོ་བོ་ལགས་དང་། ཨ་མ་ལགས། སྲུ་མོ་ལགས་བཅས་ནི་རྒྱལ་ཡོངས་མི་དམངས་ཀྱིས་སློབ་སྦྱོང་བྱེད་སའི་མིག་དཔེ་ཞིག་ཡིན་པས། ངས་ངེས་པར་དུ་འབད་བརྩོན་ལྷོད་མེད་བྱས་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དར་སྤེལ་གཏོང་གི་ཡིན། ས་ཆ་གཞན་དག་དང་བསྡུར་ན་ཡུལ་སྨད་ལ་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་ཡོད། གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་ལས་བྱེད་པ་ཞིག་ཡིན་པའི་ངས་ཡུལ་སྨད་དར་རྒྱས་གཏོང་བའི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་ཚང་མ་དང་མཉམ་དུ་ཕ་ཡུལ་དེ་བས་ལེགས་པའི་སྒོ་ནས་འཛུགས་སྐྲུན་བྱེད་ཀྱི་ཡིན”ཞེས་པ་སངས་སྒྲོལ་དཀར་གྱིས་བཤད།

【རྒྱལ་གཅེས། མི་ཚང་མ་མཚོན་རྟགས་ཤིག་ཡིན】

5.jpg

ཟླ་7པའི་ཡུལ་སྨད་ཀྱི་རི་ཀླུང་གང་སར་ཟ་འོག་བཀླུབས་འདྲའི་སྨུག་པ་སྲབ་མོ་ཞིག་འཁྲིགས་པ་དེ་དཀར་གཙང་གི་ཁ་བཏགས་ཤིག་ཡུལ་དེ་བརྟན་སྲུང་བྱེད་མཁན་གྱི་མི་རྣམས་ཀྱི་མགུལ་དུ་བསྒྲོན་དང་གཉིས་སུ་མ་མཆིས།

“གསར་དུ་གནས་སྤོས་བྱས་པའི་མང་ཚོགས་ཚོས་ང་ལ་མཐའ་མཚམས་སུ་སྐོར་གཡེང་བྱེད་རིང་འཕྲད་པའི་གནད་དོན་སྐད་ཆ་ཡང་ཡང་འདྲི་ཡི་འདུག ད་ཆ་ཡུལ་སྨད་དུ་མི་འབོར་མང་དུ་སོང་བ་དང་ན་གཞོན་ཚོས་མཐའ་མཚམས་སུ་སྐོར་གཡེང་དེ་བས་ཧུར་ཐག་བྱེད་པ་དང་རྒན་རྒོན་ཚོས་ཉེ་འགྲམ་དུ་ཕྱུགས་འཚོ་ཞོར་དུ་མཐའ་མཚམས་སྲུང་གི་ཡོད། ཕྱི་རོལ་ཡུལ་གྱི་འཛམ་གླིང་གི་རྣམ་པ་མཐོང་རྗེས་ཕ་དང་འདྲ་བར་ང་རང་ཡང་རང་ཉིད་སྐྱེ་ས་འཚར་སའི་འབྲོག་ར་དེར་དེ་བས་དགའ་ཞེན་སྐྱེ་ཡི་འདུག”ཅེས་སྒྲོལ་དཀར་གྱིས་བཤད།

ད་ཆ་སྒྲོལ་དཀར་གྱིས་ཁོང་གི་ཕ་སངས་རྒྱས་ཆོས་པ་དང་འདྲ་བར་ཐོག་མའི་བསམ་འདུན་སྔར་བཞིན་བརྟན་སྲུང་བྱས་ནས་ཡུལ་མི་ཚོ་ཡུལ་སྨད་དུ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་སྣེ་ཁྲིད་བྱེད་བཞིན་མཆིས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།