བོད་བྱང་ཐང་གི་ནོར་རྫི་ནས་ཧ་ཧྥོ་སློབ་ཆེན་གྱི་འབུམ་རམས་པ་གཡང་དགའ།

WechatIMG414.jpeg

བོད་རིགས་ཕྱི་འགྲིམ་མཁས་པས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ཇི་ལྟར་འཛམ་གླིང་ལ་ཁ་ཕྱོགས་པའི་སྐོར་ནས་གཏམ་གླེང་བྱས་པ། 

ལོ19ཡར་སྔོན་དུ། གཡང་དགའ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་སློབ་མཐར་ཕྱིན་པའི་བོད་ཀྱི་གསོ་རིག་ཞིབ་འཇུག་སློབ་མ་སྐོར་དང་པོ་ཡིན། 

གཡང་དགའ་ཡི་ཕ་ཡུལ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཡིན། ལོ12མ་སོན་པའི་སྔོན་ལ། གཡང་དགའ་ནི་ཡངས་ཤིང་ཆེ་བའི་བོད་བྱང་ཐང་གི་ལུག་རྫི་ཆུང་ཆུང་ཞིག་ཡིན། ཁོའི་ཨ་ཞང་ནི་ས་དེའི་གྲྭ་ཚང་གི་སྨན་པ་ཞིག་ཡིན། ནམ་རྒྱུན་སྡེ་མི་ཚོར་ནད་བརྟག་སྨན་བཅོས་བྱེད་ཀྱིན་ཡོད་པས། ཚང་མས་གོང་བཀུར་དང་ཁས་ལེན་ཐོབ་པ་དང་། ཨ་ཞང་གིས་ཤུགས་རྐྱེན་འོག་གཡང་དགའ་ཆུང་དུས་ནས་བོད་ཀྱི་གསོ་བ་རིག་པ་ལ་སྤྲོ་སྣང་ཆེན་པོ་སྐྱེས། 

1986ལོར་གཡང་དགའ་འདོད་བློ་བཞིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་གསོ་རིག་སྡེ་ཁག་ཏུ་སློབ་གཉེར་བྱེད་པའི་བསྐལ་བཟང་བྱུང་ཞིང་། སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་བྱ་བ་གཉེར་མགོ་བརྩམས། 1999ལོར་གཡང་དགའ་ཡང་བསྐྱར་སློབ་གྲྭ་འགྲིམ་ནས་བོད་ཀྱི་སོག་རིག་དང་བོད་སྨན་ཕྱོགས་ཀྱི་སྐོར་དང་པོའི་ཞིབ་འཇུག་སློབ་མ་ཞིག་ཏུ་གྱུར། དུས་དེའི་བརྒྱུད་རིམ་བརྗོད་དུས། གཡང་དགའ་ཡིས་འབྲོག་ཁུལ་གྱི་བྱིས་པ་ཞིག་སློབ་གྲྭ་ཆེན་མོ་འགྲིམ་ནས་སློབ་གཉེར་བྱེད་པ་དང་། དགེ་རྒན་བྱེད་པ་སོགས་ནི་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་སློབ་གསོ་ལ་རྒྱབ་སྐྱོབ་དང་གཟིགས་སྐྱོང་གནང་བར་ཁ་བྲལ་ཐབས་མེད་ཞེས་བཤད། 

ཁོ་རང་སློབ་གཉེར་དང་དགེ་རྒན་བྱེད་པའི་དུས་སྐབས་སུ། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་སློབ་གསོ་ཐད་ཡར་ངོས་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། 1989ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་གསོ་རིག་སྡེ་ཁག་དང་བོད་རང་སྐྱོང་ལྗོངས་བོད་ཀྱི་གསོ་རིག་སློབ་གྲྭའི་རྨང་གཞིའི་སྟེང་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་གསོ་རིག་སློབ་གླིང་བཙུགས་པ་དང་། དེ་ལས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ཆེད་ལས་ཕྱོགས་ཀྱི་མཐོ་རིམ་སློབ་གསོ་དེང་རབས་ཅན་དུ་གོམ་ཁ་བསྒྱུར་མགོ་བརྩམས་པ་མཚོན། 1993ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་གསོ་རིག་སློབ་གླིང་དེ་ལྕགས་པོ་རིའི་གསོ་རིག་སློབ་གླིང་དུ་བསྒྱུར་བ་དང་། བོད་ཀྱི་གསོ་རིག་དང་བོད་སྨན་ཆེད་ལས་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་གྲས་སུ་ཚུད། རྗེས་སུ་བོད་ལྗོངས་བོད་ཀྱི་གསོ་རིག་སློབ་གླིང་དུ་བསྒྱུར། 

2002ལོར་གཡང་དགའ་ལ་གོ་སྐབས་བཟང་བོ་ཐོབ་པ་དང་། ལོ་དེར་བོད་རིག་པའི་ཆེད་མཁས་པ་ཀྲིན་ཉའེ·རྒྱ་མཚོས་གདན་ཞུ་ལྟར་ཁོ་རང་ཧ་ཧྥོ་སློབ་གྲྭ་ཆེན་མོར་འཚམས་འདྲི་སློབ་སྦྱོང་བྱེད་པའི་གོ་སྐབས་འཕྲད། འཚམས་འདྲི་སློབ་སྦྱོང་ཁྲོད་ནུབ་ཕྱོགས་ཀྱི་གསོ་བ་རིག་པའི་འདུ་ཤེས་ཀྱིས་བོད་སྨན་ཆེད་ལས་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པའི་ཚོར་སྣང་དྲག་པོ་ངང་གིས་སྐྱེས། དེ་བས་མུ་མཐུད་དུ་སློབ་གྲྭ་འགྲིམ་ནས་འབུམ་རམས་པའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་བསམ་ཚུལ་སྐྱེས་ཤིང་། ཁོས་དཀའ་སྤྱད་སྡུག་རུས་ལ་བརྟེན་ནསGREདང་ཐའོ་ཧྥུའུ་རྒྱུགས་གཞི་བཅས་རྒྱུགས་འཕྲོད་པ་དང་།  ཧ་ཧྥོ་སློབ་གྲྭ་ཆེན་མོར་རེ་འདུན་ཞུ་བ་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་པ་མ་ཟད། བོད་ཀྱི་གསོ་རིག་སློབ་གླིང་གིས་ཀྱང་ཁོ་ཕྱི་རྒྱལ་དུ་སློབ་གྲྭ་འགྲིམ་པར་ནུས་ཤུགས་ཡོད་དགུ་བཏོན་ནས་རྒྱབ་སྐྱོར་བྱས། 

དེ་རྗེས་གཡང་དགའ་ཡི་སློབ་སྦྱོང་གི་འཚོ་བ་གསར་པ་རོལ་མགོ་བརྩམས་ཤིང་། སློབ་ཚན་མང་ཞིང་རྙོག་འཛིང་ཆེ་བ། སྐད་བརྡའི་རྨང་གཞི་ཞན་པ། ད་དུང་ཕྱི་ནས་ལས་ཀ་བཙའ་དགོས་པ་སོགས་ཧ་ཧྥོ་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་དེ་འདྲ་ལས་སླ་མོ་ཞིག་ག་ལ་ཡིན། ལོ་ངོ་བརྒྱད་རིང་གི་དཀའ་བ་སྤྱད་པ་བརྒྱུད་གཡང་དགའ་ལ་ཧ་ཧྥོ་སློབ་ཆེན་གྱི་མི་ཆོས་རིག་པ་དང་གསོ་རིག་མིའི་རིགས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ལོ་ཟླ་དེ་དག་ཕྱིར་དྲན་བྱེད་སྐབས། གཡང་དགའ་ཡིས་ཧ་ཧྥོ་སློབ་ཆེན་དུ་སྦྱངས་པའི་ཞིབ་འཇུག་བྱ་ཐབས་དང་རྒྱལ་སྤྱིའི་ལྟ་ཕྱོགས་ལས་རང་ཉིད་ལ་ངོས་སེམས་ཆེན་པོ་ཐོབ་པ་དང་། འདུ་ཤེས་འཛིན་སྟངས་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ལ་དྲང་བདེན་གྱི་ལྟ་སྟངས་འཛིན་ཐུབ་ཟེར། 

“བོད་ཀྱི་གསོ་རིག་དང་བོད་སྨན་ནི་རྒྱ་ཆེ་ལ་གཏིང་ཟབ་པས་གསོ་རིག་གི་ཉིང་བཅུད་མང་པོ་བསྡུ་ལེན་བྱས་ཡོད་མོད། འོན་ཀྱང་རིགས་པའི་གཞུང་ལུགས་སྟེང་གསར་གཏོད་བྱེད་པའི་དགོས་གལ་ཧ་ཅང་ཆེན་པོ་ཡོད། གལ་ཏེ་སྲོལ་རྒྱུན་རྒྱུད་འཛིན་བྱེད་པར་གསར་གཏོད་ཀྱི་ཆ་མེད་ཚེ། བོད་ལུགས་གསོ་རིག་དང་བོད་སྨན་དུས་རབས་ཀྱི་རྗེས་སུ་ལུས་ནས་སུས་ཀྱང་དོ་སྣང་བྱེད་རྒྱུ་མ་རེད། གཡང་དགའ་ཡིས་བོད་ཀྱི་སོག་བ་རིག་པ་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དེང་རབས་ཀྱི་གསོ་བ་རིག་པའི་གཞུང་ལུགས་བསྡུ་ལེན་བྱེད་དགོས་པའི་དུས་མཚུངས་སུ། རང་སྐྱ་ཐུབ་པའི་ལེགས་ཆ་སྲུང་འཛིན་བྱེད་པར་ཧ་ཅང་གལ་ཆེ་ཟེར། 

“ཁྱབ་ཁོངས་མང་པོའི་ཁྲོད་བོད་ཀྱི་གསོ་རིག་གི་སྨན་བཅོས་བྱེད་ཐབས་ཧ་ཅང་བྱང་ཆུབ་ཡོད་མོད། འོན་ཀྱང་སྨན་བཅོས་ཀྱི་ནུས་པ་ནི་ཉམས་མྱོང་ཁོ་ནར་བརྟེན་ནས་བརྒྱུད་སྤེལ་བྱེད་མི་ཐུབ་པས། གལ་ཆེ་བ་ཞིག་ནི་ཚན་རིག་གི་དཔང་རྟགས་དགོས་པ་དང་། ཚོད་ལྟ་ཁང་དང་ནད་ཐོག་ཞིབ་འཇུག་གི་གཞི་གྲངས། དཔྱད་རྩོམ་སོགས་ལ་བརྟེན་ནས་མི་རྣམས་ཀྱིས་བོད་ཀྱི་གསོ་བ་རིག་པར་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས” གཡང་དགའ་ཡིས་ད་དུང་བོད་ཀྱི་གསོ་རིག་དྲིལ་སྒྲོག་བྱེད་སྐབས་ཚན་རིག་དང་བསྟུན་ཅི་ཐབས་བྱེད་དགོས་པ་ལས་ཁྱད་འཚར་བའི་ཚུལ་བརྗོད་མི་རུང་ཞེས་བཤད། 

དགའ་འོས་པ་ཞིག་ལ། གནའ་བའི་བོད་ཀྱི་གསོ་བ་རིག་པར་གསོན་ཤུགས་རྒྱས་ཏེ། མཐོ་སྒང་ནས་གོམ་ཁ་བསྒྱུར་ནས་འཛམ་གླིང་ལ་ཁ་ཕྱོགས་པ་དང་། མཚན་སྙན་གྲགས་དང་ཁས་ལེན་ཐོབ་ཚད་ཉིན་རེའི་ཇེ་མཐོར་འགྲོ་བཞིན་ཡོད། 

“སྔོན་ཆད་ཕྱི་རྒྱལ་དུ་བོད་ཀྱི་གསོ་བ་རིག་པའི་སྐོར་གླེང་སྐབས་ངེས་པར་སྔོན་ལ་ཧི་མ་ལ་ཡ་ཞེས་པའི་སྐོར་གླེང་དགོས་ལ། དེ་རྗེས་ཕ་རོལ་པོར་བོད་རང་སྐྱོང་ལྗོངས་དང་བོད་རིགས། བོད་ཀྱི་གསོ་རིག་བཅས་ལ་འགྲེལ་བཤད་བྱེད་དགོས། ལོ་དེ་དག་གི་རིང་རྒྱལ་སྤྱིའི་བར་གྱི་བརྗེ་རེས་ཇེ་མང་དུ་སོང་ཡོད་པ་དང་། ལྷག་པར་ཀྲུང་གོ་སྲིད་གཞུང་གིས་མཐོང་ཆེན་བྱས་འོག  བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས《རྒྱུད་བཞི》འཛམ་གླིང་གི་དྲན་ཤེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་མིང་ཐོར”བདམས་པ་དང་། “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས—ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་ཀྱི་ཤེས་བྱ་དང་ལག་ལེན”འཛམ་གླིང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོར་བཀོད་པ་སོགས་ཀྱིས་བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱིའི་སྟེང་གི་ཤེས་རྟོགས་ཐུབ་ཚད་དང་མཚན་སྙན་ཐོབ་ཚད་ཇེ་མཐོར་སོང་ཡོད་པ་མ་ཟད། སྔར་ལས་ལྷག་པར་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་ལ་ཁ་ཕྱོགས་པར་རྨང་གཞི་བརྟན་པོ་བཙུགས། 

“རྒྱལ་ཁབ་ཀྱིས་སྲོལ་རྒྱུན་གསོ་བ་རིག་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བས་བོད་ཀྱི་གསོ་རིག་དང་བོད་སྨན་ལས་རིགས་པར་སྐུལ་མ་ཆེན་པོ་ཐེབས། ཉེ་བའི་ལོ་འགའི་རིང་རྒྱལ་ཁབ་ཀྱིས་སྲིད་ཇུས་ཕྱོགས་ནས་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བས། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ལ་ཚན་རིག་ཞིབ་འཇུག་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། སྡེ་ཁག་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཀྱང་ཡངས་པོ་ཡིན་ཞེས་གཡང་དགའ་ཡིས་བརྗོད། 

མིག་སྔར། གཡང་དགའ་ཡིས་ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་ལེགས་སྒྲིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་གཉེར་བ་དང་། ཁོས་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་དེ་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་སོགས་ཡིག་རིགས་ལ་བསྒྱུར་ནས་པར་སྐྲུན་བྱེད་རྩིས་ཡོད། རིག་གནས་རྒྱབ་ལྗོངས་མི་གཅིག་པའི་མི་རྣམས་ལ་བོད་ཀྱི་གསོ་བ་རིག་པ་རྒྱུས་ལོན་བྱེད་པར་སྟབས་བདེ་སྐྲུན་པ་ལས་གཞན། ལས་འཁྱུར་ངལ་གསོ་མ་བྱས་གོང་ལ་ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་བྱ་རྒྱུ་དང་། ཁོས་མཛུབ་ཁྲིད་གནང་བའི་བོད་ཀྱི་གསོ་རིག་སློབ་ཆེན་གྱི་འབུམ་རམས་པ་སྐོར་དང་པོ་སང་ལོར་སློབ་མཐར་ཕྱིན་རྒྱུ་རེད། “བོད་ཀྱི་གསོ་རིག་དེ་འཛམ་གླིང་ཕྱོགས་སུ་སྐྱོད་པར་རྒྱལ་སྤྱི་ཅན་གྱི་ཤེས་ལྡན་མི་སྣ་མང་པོ་མཁོ་ཞིང་། ཁོང་རྣམས་ནི་བོད་ཀྱི་གསོ་བ་རིག་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་མཁན་དང་། བོད་ཀྱི་གསོ་བ་རིག་པ་དང་འཛམ་གླིང་བར་བརྗེ་རེས་བྱེད་པའི་གསེར་ཟམ་ལྟ་བུ་ཡིན་ཞེས་བཤད།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།