བོད་ལྗོངས་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུད་དུ་ནགས་ཚལ་མུའུ་ཁྲི26.9བསྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་བཟུང་། བོད་ལྗོངས་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུད་ཀྱི་ནགས་སྐྲུན་ལྗང་སྒྱུར་ལས་གཞི་སྟེ། མིས་ཐབས་ལ་བརྟེན་ནས་ནགས་སྐྲུན་དང་། རི་བཀག་ནགས་གསོ། ཞིང་ཁར་ནགས་དྲ་བསྐྲུན་པ། བགྲོད་ལམ་ལྗང་སྒྱུར། ནགས་ཚལ་གྱི་གྲོང་སྐོར། ཞིང་སྡེ་ལྗང་སྒྱུར། ཕན་འབྲས་དམའ་བའི་ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས་བསྒྱུར་བཀོད། སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལག་བསྟར་བྱས་པ་མ་ཟད། དེ་མཚུངས་ཀྱི་ཆུ་བེད་སྒྲིག་བཀོད་སྒྲིག་སྦྱོར་བྱས་ནས་བསྡོམས་པས་མ་དངུལ་སྒོར་ཁྲི10042བཏང་བ་དང་། མིས་ཐབས་ལ་བརྟེན་ནས་ནགས་ཚལ་མུའུ་ཁྲི26.9བསྐྲུན་པ་རེད།

“གཙང་པོ་གཉིས་དང་ཆུ་བོ་བཞི”ནི་ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ། དེ་བཞིན་ལྷ་སའི་སྐྱིད་ཆུ་དང་ཉང་ཆུ། ཉག་ཆུ། སེང་གེ་ཁ་འབབ་བཅས་ཡིན་ཞིང་། དེ་དག་ནི་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལས་གཞི་དེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་རྫོང(ཆུས)48དང་། ཤང(གྲོང་རྡལ)389། སྲིད་འཛིན་གྲོང་ཚོ3162བཅས་ལ་ཁྱབ་ཡོད།

བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུའུ་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝུའུ་ཡུང་ཅུན་གྱིས“གཙང་པོ་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུད་དུ་བོད་ལྗོངས་ཀྱི་མི་འབོར80%ཡན་གཅིག་སྡུད་བྱས་ཡོད་པ་དང་། དེ་ནི་བོད་ལྗོངས་ཀྱི་མི་འབོར་དང་གྲོང་རྡལ། གནམ་གྲུ་ཐང་། གཞུང་ལམ། ཞིང་ཁ་བཅས་ཅུང་གཅིག་བསྡུས་ཡིན་པའི་ས་ཁུལ་ཡིན། “གཙང་པོ་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུད་དུ་ནགས་སྐྲུན་ལྗང་སྒྱུར་ལས་གཞི་ལག་བསྟར་བྱས་རྗེས། ནགས་ཚལ་ཁྱབ་ཚད་ཇེ་མཐོར་ཕྱིན་ནས་ནགས་ཁུལ་གྱི་གནམ་གཤིས་ཆུང་བའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་། ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དེས་ལས་གཞིའི་ནང་ཁུལ་གྱི་ས་ཆུ་ཤོར་བའི་གནད་དོན་ལ་བཀག་འགོག་ནུས་ལྡན་ཐུབ་པ་དང་། ཆུ་ཁུངས་གསོག་སྐྱོང་ནུས་པ་ཆེ་རུ་ཕྱིན་པ། ཐན་པ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་མངོན་གསལ་དོད་པོས་ཇེ་ཉུང་དུ་ཕྱིན་པ། ནགས་ཚལ་གྱི་སྐྱེ་ཁམས་ནུས་པ་ལོ་རེ་བཞིན་སླར་གསོ་ཐུབ་པས་ལས་གཞིའི་ནང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ། གཉན་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད་ཅེས་བཤད།

དེ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”བཞུར་རྒྱུད་ཀྱི་ནགས་སྐྲུན་ལྗང་སྒྱུར་ལས་གཞི་བརྒྱུད་དེ། རང་སྐྱོང་ལྗོངས་ཀྱིས་རོང་འབྲོག་མང་ཚོགས་རྩ་འཛུགས་ཧུར་ཐག་བྱས་ཏེ་སྡོང་འཛུགས་ནགས་སྐྲུན་ལས་གཞི་འཛུགས་སྐྲུན་ནང་ཞུགས་དུ་བཅུག་པ་དང་། ལས་གཞིའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གཏན་འབེབས་ལྟར་རོང་འབྲོག་པའི་སྡོང་འཛུགས་ནགས་སྐྲུན་གྱི་ཆེད་དོན་མཉམ་ལས་རྩ་འཛུགས་ལ་སྤྲད་དེ་ལག་བསྟར་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་རང་ཡུལ་ནས་མི་བྲལ་བར་ཐག་ཉེ་སར་སྟབས་བདེའི་ངང་ཐོན་སྐྱེད་དང་ལས་ཞུགས་ཐུབ་པ་བྱས། 2017ལོ་ནས་བཟུང་། བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་ཀྱིས་དབུལ་སྐྱོར་སྡོང་ཕྲུག་ཐོན་སྐྱེད་དང་། རོང་འབྲོག་མང་ཚོགས་ཀྱི་འཕྲུལ་ཆས་བོགས་མར་གཏོང་བ། སྡོང་འཛུགས་ནགས་སྐྲུན་གྱི་ལས་གཞི་ལག་བསྟར་དང་དེ་བཞིན་ནགས་སྐྲུན་རྗེས་ཀྱི་གཉེར་སྐྱོང་སོགས་ཀྱི་ལས་དོན་ནང་ཞུགས་པ་བརྒྱུད། རོང་འབྲོག་པར་ཡོང་འབབ་སྒོར་དུང་ཕྱུར2.5ལྷག་འཕར་སྣོན་་བྱུང་ནས། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་གཉིས་ལ་རྒྱལ་ཁ་ཐོབ་པ་མངོན་འགྱུར་བྱུང་།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།