ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པ་དང་མང་ཚོགས་ཕྱུག་པོ་ཆགས་པར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “མེས་རྒྱལ་གྱི་ཡུལ་ལུང་མཛེས་སྡུག་ལྡན་པ་དང་། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དེས་ང་ལ་སྤོབས་པ་སྐྱེས་ཀྱི་འདུག དོ་དགོང་འདི་གར་ཆུ་ཚན་སྐྱིད་པོ་ཞིག་བརྒྱབ་ནས་སྡོད་མཁན་ཡིན”ཞེས་ཀྲུང་གོའི་རྒྱལ་ལམ་219ཡི་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་བཙུགས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མ་ཐག་འདི་ལོའི་དབྱར་ཁར་རོགས་པ་འགའ་ཤས་དང་མཉམ་དུ་རང་འཁོར་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་ལྷ་བུ་ཆུ་ཚན་ལ་ཡོང་མཁན་སུའུ་ལགས་ཀྱིས་དེ་ལྟར་བཤད།

ཉེ་བའི་ལོ་ཤས་རིང་། ལྷོ་བྲག་རྫོང་གིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་པ་དང“རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་རྒྱུ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱ་རྒྱུ”མཐའ་འཁྱོངས་བྱས་ཁར“ཁྱད་ལྡན་དང་། རྩེར་སོན། སྤུས་རྟགས”བཅས་ཡོང་བའི་རྩ་དོན་མངོན་གསལ་དོད་པོར་བཞག་སྟེ། ཞན་ཆ་སེལ་བ་དང་། རྨང་གཞི་བརྟན་གཏོང་། བདེན་སྲུང་གསར་གཏོད་བཅས་ཀྱི་སྒོ་ནས་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགན་འཁྲི་ནན་དུ་གཏོང་བ་དང་། ཡུལ་སྐོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་ཐོན་རྫས་ནུས་ལྡན་ངང་མཁོ་སྤྲོད་བྱེད་མང་དུ་གཏོང་བ། རྫོང་ཡོངས་ཀྱི་ཡུལ་སྐོར་མི་མང་ཆེ་བས་ཡུལ་སྐོར་བྱེད་པའི་དུས་མཚམས་གསར་པ་དང་འབྱོར་འབྲིང་ཡུལ་སྐོར་གྱི་དུས་མཚམས་གསར་པ་དང་འཚམ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། སྤུས་ཚད་མཐོར་གཏོང་དང་བཀོད་པ་ལེགས་སུ་གཏོང་བ། འཛད་སྤྱོད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

བསྡོམས་རྩིས་ལ་གཞིགས་ན། 2021ལོའི་ལོ་སྟོད་ལ་ཡུལ་སྐོར་བ་36476ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་483.486བྱུང་བ་དེ་མི་གྲངས་དུས་མཚུངས་ལས་476%འཕར་བ་དང་ཡོང་འབབ་དུས་མཚུངས་ལས་299%མང་དུ་སོང་ཡོད།

ལས་རིགས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་གྱི་ཁོར་ཡུག་ལེགས་སུ་བཏང་བ།

རིམས་ནད་ཐོན་རྗེས་ལྷོ་བྲག་རྫོང་གིས་དུས་ཐོག་ཏུ་བྱ་ཐབས་ནན་པོ་བཏོན་ནས་ལས་རིགས་ཚང་མས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་མཐོ་ཚད་ཐོག་ལངས་ཏེ་འཕྲལ་མར་བྱ་སྤྱོད་སྤེལ་ནས་བསམ་བློ་དང་བྱ་སྤྱོད་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ཏེ། མི་ཤུགས་དང་དངོས་ཤུགས་གཅིག་སྡུད་བྱས་ནས་འགན་འཁྲི་ནན་དུ་དང་བྱ་ཐབས་ཞིབ་ཚགས་སུ་བཏང་སྟེ་རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།

“རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་མཛུབ་སྟོན་དགོངས་དོན་ལ་གཞིགས་ནས་ང་ཚོས་མཛེས་ལྗོངས་ཁུལ་དང་ས་ཚིགས་ཁག་ལ་དོ་དམ་དང་ཚོད་འཛིན་ནན་པོ་དང་དེའི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་དང་རྒྱུས་ལོན་ཡོང་བ་བྱས་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་མགྲོན་ཁང་དང་ཁྱིམ་ཚང་འགྲུལ་ཁང་ལ་དོ་དམ་ནན་པོ་བྱས་པ་དང་སྦྲགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཐད་ཤུགས་སྣོན་ཡང་བརྒྱབ་ཡོད”ཅེས་ལྷོ་བྲག་རྫོང་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་རིན་ཆེན་མགོན་པོས་གསར་འགོད་པར་བཤད་པ་དང་། ཁོང་གིས་རིམས་ནད་ཐོན་རྗེས་ཡུལ་སྐོར་མཛེས་ལྗོངས་ཁུལ་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་ཆེད། ང་ཚོས“སྤྲིན་ཚོམ་བོད་ལྗོངས”དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་། ཡུལ་སྐོར་བར་བདེ་འཇགས་ཡོང་བ། དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་དུས་ཐོག་ཏུ་དོན་འཁྱོལ་བྱས་པའི་ཁར་མཁར་ཆུའི་མཛེས་ལྗོངས་ཁུལ་ལ“སྤྲིན་ཚོམ་བོད་ལྗོངས་བརྒྱུད་ནས་རྩ་གཉིས་ཨང་རྟགས་བཤེར་བའི”མ་ལག་སྤྱད་པ་དེས། ནད་གཞི་འགོས་པའི་ནད་པའི་འབྱུང་ཁུངས་རྗེས་སྙེག་ཐུབ་པ་དང་ཡུལ་སྐོར་བ་གང་དུ་སྐྱོད་པ་ཤེས་རྟོགས་བྱུང་སྟེ་ཡུལ་སྐོར་བའི་འགྲུལ་བཞུད་གྲངས་འབོར་གྱི་འགྱུར་ལྡོག་གནས་ཚུལ་དུས་ཐོག་ཁོང་དུ་ཆུད་ཐུབ་ནས་ཡུལ་སྐོར་དོ་དམ་གྱི་ནུས་པ་ཆེ་རུ་ཕྱིན་ཡོད་ཅེས་བཤད།

གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་ནས་ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ཟོག་བཏོད་པ།

ལྷོ་ཁ་གྲོང་ཁྱེར་གྱིས་བོད་ཀྱི་འབྱུང་ཁུངས་ཀྱི་རིག་གནས་ཡུལ་སྐོར་དང་། བོད་དབུས་ཡུལ་སྐོར་གྱི་སྐོར་ལམ་ཤར་མ། བོད་ཀྱི་ཡུལ་སྐོར་གྱི་སྐོར་ལམ་ལྷོ་མ། མཐའ་མཚམས་བགྲོད་ལམ་ཆེ་མོའི་ཡུལ་སྐོར་སྐོར་ལམ། བོད་ལྷོར་རང་འཁོར་བཏང་ནས་སྐྱོད་པའི་ཡུལ་སྐོར་ལམ་ཐིག མཐའ་མཚམས་སོས་དལ་ཡུལ་སྐོར་སོགས་ཀྱི་སྤུས་རྟགས་ལམ་ཐིག་7གཙོ་གནད་ཐོག་གཏོད་རྒྱུའི་བླང་བྱ་ལྟར་ལྷོ་བྲག་རྫོང་གིས་ཐོན་ཟོག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དང་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་པའི་ཁར“ཡུལ་སྐོར་+”མུ་མཐུད་སྐུལ་འདེད་བཏང་ནས་ཡུལ་སྐོར་གྱི་ཕྱོགས་མང་པོའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཁྲོམ་རའི་ཐོན་ཟོག་མཁོ་སྤྲོད་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྫོང་ཡོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་གྱི་འཕར་གཞི་གསར་པ་ཁྱད་ཆོས་ལྡན་པའི་ངང་སྐྱེད་སྲིང་བྱེད་པ། ཐོན་ཟོག་རིམ་སྤོར་ངང་གསར་གཏོད་བྱ་རྒྱུར་སྣེ་ཁྲིད་བྱེད་པ། བྱ་ཐབས་རབ་དང་རིམ་པ་བཏོན་ནས་སོས་དལ་ཞིང་ལས་དང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་། སྤུས་རྟགས་ཁྱིམ་ཚང་མགྲོན་ཁང་། ཡུལ་སྐོར་ཚོང་ཟོག སྒྲིག་ཆས་ཐོན་སྐྱེད་སོགས་ཀྱི་ཁེ་ལས་འཛུགས་པ་དང་གཉེར་སྐྱོང་བྱས་ནས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས་རིག་གནས་ཡུལ་སྐོར་རྣམ་གྲངས་རིམ་སྤོར་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

ཡུལ་སྐོར་བ་ཞག་སྡོད་ཐད་བདེ་འཇགས་ཡོད་པ་དང་། སྟབས་བདེ་བ། སྐྱིད་སྣང་དོད་པ། རིན་གོང་ཁེ་བ་བཅས་ཀྱི་དགོས་མཁོ་བསྐངས་ནས་མང་ཚོགས་སྔར་ལས་མང་བ་ཐོན་ལས་གསུམ་པའི་ནང་ཧུར་ཐག་བཞུགས་སུ་བཅུག་སྟེ་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྣེ་ཁྲིད་བྱ་ཆེད། ལྷོ་བྲག་རྫོང་གིས་ལྷ་ཁང་གྲོང་རྡལ་དང་ལ་རྒྱབ་ཤང་གི་ཁྱིམ་ཚང་མགྲོན་ཁང་གཉེར་འདོད་ཡོད་མཁན་དུད་ཚང་30ཡི་མང་ཚོགས་ལ་འབྲེལ་ཡོད་ཀྱི་སྒྲིག་བཀོད་སྒྲིག་ཆས་ཉོ་རྒྱུའི་འཆར་གཞི་འགོད་པ་དང་། སྔོན་མའི་ཁྱིམ་ཚང་མགྲོན་ཁང་སྒྱུར་བཀོད་རིམ་སྤོར་བྱས་ཏེ་སྟོང་པར་ལུས་པའི་སྡོད་ཁང་ཐོན་ཁུངས་བེད་སྤྱད་དེ་དངོས་ཕན་ཡོང་བ་བྱས་ཡོད། མིག་སྔར། རྣམ་གྲངས་དེ་ཐོག་མའི་བརྟག་ཞིབ་དང་སྒྲིག་ཆས་དགོས་མཁོའི་བསྡོམས་རྩིས་ལས་དོན་སྤྱིར་ན་ལེགས་སྒྲུབ་ཟིན་ནས་ཟླ་བདུན་པའི་ཟླ་མཇུག་ཏུ་སྒྲིག་ཆས་ཉོ་རྩིས་ཡོད་པ་རེད།

མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མཛེས་ལྗོངས་ཁུལ“Aརིམ་པར་གཏོད་པའི”ལས་དོན་ལ་སྐུལ་འདེད་བཏང་བ།

ཉེ་བའི་ལོ་ཤས་རིང་། ལྷོ་བྲག་རྫོང་གིས་རྣམ་གྲངས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། རྫོང་ཡོངས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་བྲག་རྫོང་གི་མ་འཇོག་བསྡོམས་འབོར་སྒོར་ཁྲི་3000ཟིན་པའི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་གསུམ་པོར་མིག་སྔའི་བར་སྒོར་ཁྲི་2600བཏང་ནས་སྤྱིའི་འཛུགས་སྐྲུན་འཕེལ་རིམ་གྱི་87%ལེགས་སྒྲུབ་བྱས་ཟིན་པ་རེད།

མཛེས་ལྗོངས་ཁུལ་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ནས་རྫོང་ཁོངས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེ་མོར་སྐུལ་འདེད་གཏོང་བ་དང་། མཛེས་ལྗོངས་ཁུལ་ས་ཚིགས་སྣ་ཚོགས་ཀྱི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་ཀྱི་ཞབས་ཞུའི་ཕན་ནུས་རིམ་སྤོར་དང་སྤུས་ཚད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ལྷོ་བྲག་རྫོང་གིས་མཁར་ཆུ་མཛེས་ལྗོངས་ཁུལ་A2ནས་A3དུ་རིམ་སྤོར་བྱེད་པ་དང་སྒྲུབ་མཚོ་པད་མ་གླིང་མཛེས་ལྗོངས་ཁུལ་A3གཏོད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། མིག་སྔར་རྣམ་གྲངས་འདིའི་འོས་སྐུལ་འོས་དཔོད་དང་དེ་བཞིན་ཐོག་མའི་བརྟག་ཞིབ་ལེགས་གྲུབ་ཟིན་ནས། ཟླ་དྲུག་པའི་ཟླ་དཀྱིལ་དུ་ཇུས་འགོད་ཚོགས་པས་བརྟག་ཞིབ་གཏིང་ཟབ་བྱས་ནས་ཐོག་མའི་ཇུས་གཞི་བཟོས་ཤིང་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་བེད་སྤྱོད་ཐུབ་རྒྱུ་ཡིན་པ་རེད།

“ང་ཚོས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་མ་འཇོག་བསྡོམས་འབོར་སྒོར་ཁྲི་420ཟིན་པའི་རྣམ་གྲངས་ཤིག་བརྩོན་ལེན་ཧུར་ཐག་བྱས་ཡོད། རྣམ་གྲངས་འདིའི་ནང་སྒྲུབ་མཚོ་པད་མ་གླིང་མཛེས་ལྗོངས་ཁུལ་གྱི་ལམ་སྟོན་མ་ལག་དང་། མཛེས་ལྗོངས་ཁུལ་གནས་ས་མཚོ་ཡུལ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་8ལ་སྒྱུར་བཀོད། སྨོན་མདའ་ལའི་ལྗོངས་གཟིགས་སྒང་དང་རླངས་འཁོར་འཇོག་ས། སྨོན་མདའ་ལ་ནས་མཚོ་ཡུལ་གྲོང་ཚོ་བར་གྱི་གཞུང་ལམ་རྒྱུད་ཀྱི་ལམ་སྟོན་མ་ལག་བཅས་འཛུགས་སྐྲུན་ཚུད་ཡོད”ཅེས་རིན་ཆེན་མགོན་པོས་གསར་འགོད་པར་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།