བོད་ལྗོངས་ཀྱི་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་གྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་དང་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་བསྡོམས་པས་གྲོང་ཚོའི་ཁྱིམ་ཚང་གི་སྤྱོད་པའི་གསང་སྤྱོད་ཁྲི27བསྒྱུར་བཀོད་བྱས་པ་དང་། 90%ཡན་གྱི་གྲོང་ཚོའི་འཚོ་བའི་གད་སྙིགས་བཅོས་སྒྲིག་བྱས་ལ། མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 

བོད་རང་སྐྱོང་ལྗོངས་ཞིང་ལས་དང་ཞིང་སྡེ་ཐིང་གི་ཐིང་ཀྲང་ཏུའུ་ཅེ་ཡིས་བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་གསོག་ཉར་སྒྲིག་ཆས་བཀོད་སྒྲིག་བྱས་ནས་རོང་འབྲོག་ཁུལ་གྱི་གད་སྙིགས་གཅིག་བསྡུས་གཙང་སེལ་བྱེད་པ་ཕལ་ཆེར་མངོན་འགྱུར་བྱུང་ཡོད་ཟེར། 

གྲོང་ཚོའི་ཁྱིམ་ཚང་དུ་སྤྱོད་པའི་གསང་སྤྱོད་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ་སོགས་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང(ཆུས)གི་མང་ཚོགས་ཀྱིས་ལོ་ལྟར་དཔྱིད་དུས་སུ་ལྕི་བ་གཙང་སེལ་བྱས་ནས། ལྕི་བ་དང་ལུད་མཉམ་དུ་ཞིང་ནང་དུ་སྤྱོད་པ་དང་། ལྕི་བ་མེད་པར་བཟོ་བ་དང་ཐོན་ཁུངས་སུ་བསྒྱུར་ནས་བེད་སྤྱོད་བྱེད་བཞིན་ཡོད། 

གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏོང་བའི་ཐད་བོད་ལྗོངས་ཀྱི་ས་གནས་སོ་སོས་ཕྱུགས་རིགས་སྒོ་རར་བྲལ་བ་དང་ཕྱུགས་རིགས་གྲོང་ཚོའི་ཕྱི་རོལ་དུ་བསྐྱོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་ཕྱུགས་ལོགས་སུ་འབྱེད་པའི་བཟོ་འགོད་ལག་ལེན་ཧུར་ཐག་བྱས་པས།  ཕྱུགས་རིགས་ཀྱི་ལྕི་བ་གང་སར་ཁྱབ་པའི་སྣང་ཚུལ་ལ་འགྱུར་ལྡོག་བྱུང་བ་དང་མི་ཕྱུགས་གཉིས་ཀར་ནད་ཕོག་པའི་ཉེན་ཁའང་ཇེ་ཆུང་དུ་གྱུར། 

མིག་སྔའི་བར་བོད་ལྗོངས་ཀྱི་གྲོང་ཚོ5239ལ་རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་ཡུལ་སྲོལ་དམངས་ཆིངས་ནང་བཅུག་པ་དང་། གྲོང་ཚོ4482ལ་གྲོང་ཚོ་གཙང་སྦྲའི་ལམ་ལུགས་བཙུགས། གྲོང་ཚོའི་གཙང་སྤྲ་བའི་མི་གྲངས44072ལ་སླེབས་ཡོད་པ་དང་། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་དཔེ་སྟོན་གྲོང་ཚོ1000བསྐྲུན་ཡོད། 

ངོ་སྤྲོད་བྱས་པ་ལྟར་ན། “གསང་སྤྱོད་གསར་བརྗེས”བོད་ལྗོངས་ཀྱི་སྤྱི་པའི་གསང་སྤྱོད་འཆར་འགོད་འཐུས་ཚང་མེད་པ་དང་། མཁོ་སྤྲོད་ཉུང་བ། འཛུགས་སྐྲུན་སྤུས་ཚད་དམའ་བ། གཉེར་སྐྱོང་དོ་དམ་ཞན་པ་བཅས་ཀྱི་སྣང་ཚུལ་རྩ་བའི་ཆ་ནས་ཇེ་ལེགས་སུ་བཏང་བ་དང་ཆབས་ཅིག བོད་ལྗོངས་ཀྱི་ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ།འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དང་མཁར་གྲོང་དཔལ་ཡོན་གྱི་གཟུགས་བརྙན་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ནས་དོན་སྙིང་གལ་ཆེན་ལྡན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།