བོད་ལྗོངས་ཀྱིས་ཁྱད་ཆོས་མངོན་གསལ་ཡིན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་ཚན་རྩལ་གསར་གཏོད་ལས་སྟེགས་བསྐྲུན་པའི་ཐད་གྲུབ་འབྲས་འབུར་ཐོན་བླངས།

ལྷ་སར་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་སྐྲུན་པར་ཆོག་མཆན་ཐོབ་པ་དང་། ཉིང་ཁྲིར་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པར་ཆོག་མཆན་ཐོབ་པ། པ་སྣམ་རྫོང་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)ནང་ཚུད་པ། ཞིང་ཆེན་དང་པུའུ་ཡིས་མཉམ་དུ་བསྐྲུན་པའི་ནས་དང་འབྲི་གཡག་གི་རྒྱུད་འཛིན་ཐོན་ཁུངས་དང་རྒྱུད་བཟང་ལེགས་སྤེལ་གྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་ལ་ཆོག་མཆན་ཐོབ་པ་བཅས་ཀྱིས་བོད་ལྗོངས་སུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མེད་པའི་སྟོང་ཆ་བསྐངས་པ་རེད། བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་རི་ཐང་ཚན་རིག་ལྟ་ཞིབ་ཞིབ་འཇུག་ས་ཚིགས9ཡོད་པ་དང་། ཉིང་ཁྲིའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ལ་ཆོག་མཆན་ཐོབ་པ། ལྷ་ས་དང་ནག་ཆུ། ཆབ་མདོ་བཅས་རང་སྐྱོང་ལྗོངས་རིམ་པའི་མཐོ་གསར་ཁུལ3བསྐྲུན་པ། ཆབ་མདོའི་མཐོ་གསར་ཁུལ་དང་མངའ་རིས་མཚོ་ཆེན་གྱི་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ2ཐོག་མར་གཏན་འཁེལ་བྱས་པ། སྐོར་དང་པོའི་རང་སྐྱོང་ལྗོངས་རིམ་པའི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས4སྐྲུན་མགོ་ཚུགས་པ། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གཞིའི་ལག་རྩལ་ཞིབ་འཇུག་ལྟེ་གནས37བསྐྲུན་པ། ཟླ5པའི་ཚེས23ཉིན་རྒྱལ་ཁབ་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཆོག་མཆན་ཐོབ་པ་དེ་ནི་བོད་ལྗོངས་སུ་བཙུགས་པའི་རྒྱལ་ཁབ་རིམ་པའི་ལག་རྩལ་གསར་གཏོད་ལྟེ་གནས་དང་པོ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། རྗེས་མར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རྒྱལ་ཁབ་ཀྱི་ཚན་རིག་ཆེན་པོའི་སྒྲིག་ཆས་བོད་ལྗོངས་སུ་འཛུགས་པར་བརྩོན་ལེན་ཧུར་ཐག་བྱ་རྒྱུ་རེད། ལྷ་སའི་མཚོ་བོད་མཐོ་སྒང་གི་ཚན་རིག་ཞིབ་འཇུག་ལྟེ་གནས་དང་། ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས། ནུས་རྒྱུ་གཙང་མའི་ལག་རྩལ་གསར་གཏོད་ལྟེ་གནས། བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ལྟེ་གནས། སྐྱེ་ཁམས་གཙོ་གནད་ཚོད་ལྟ་ཁང་སོགས་གསར་གཏོད་སྟེགས་བུ་དང་། མཐོ་སྒང་གི་ཚན་རིག་དང་རིག་གནས་ཁྱད་ལྡན་གྱི་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུ་། ཚན་རྩལ་གསར་གཏོད་གླིང་ཁུལ། གནམ་དཔྱད་ཁང་འཛུགས་སྐྲུན་སོགས་གསར་གཏོད་རྟེན་གཞི་དམ་འཛིན་བྱ་གཞིར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་བོད་ལྗོངས་སུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་དང་རྟེན་གཞིའི་བཀོད་པ་ཇེ་ལེགས་སུ་བཏང་ནས་ཁྱད་ཆོས་མངོན་གསལ་ཡིན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།