ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཉིང་ཁྲིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི500ལྷག་སྣེ་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་རིགས་དེ“དཔལ་འབྱོར་འཕར་གནས་གསར་པ”ནས“གཙོ་རྟེན་ཐོན་ལས”སུ་རིམ་སྤོར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། ཉིང་ཁྲིའི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། ལྷག་པར་དུ་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་མཚམས་ཀྱི“བསྐྱར་དར་རྟགས་ཅན”གྱི་མཐོ་སྒང་གི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པ་དེས་ཉིང་ཁྲིའི་ཡུལ་སྐོར་སྤུས་ཚད་མཐོ་བོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་བསྐྲུན་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི502.89ལ་སྣེ་ལེན་བྱས་པ་དང་། དེ2019ལོའི་དུས་མཉམ་ལས10.89%འཕར་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར39.33ཟིན་པ་དང2019ལོའི་དུས་མཉམ་ལས7.06%འཕར་ཡོད།

ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་རོང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཐེབས་རྒྱུ་ཡིན་ལ། ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་རོང་འབྲོག་མང་ཚོགས་བོད་ཤར་ལྷོའི་ཡུལ་སྐོར་སྐོར་ལམ་གསར་སྤེལ་འཛུགས་སྐྲུན་དང་། ཁྱིམ་ཚང་མགྲོན་ཁང་གཉེར་བ། ཡུལ་སྐོར་སྣེ་ལེན་ཞབས་ཞུ་མཁོ་འདོན་བྱ་ཡུལ་སོགས་ཀྱི་ནང་ཞུགས་རྒྱུ་རེད། ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད་ཁྱིམ་ཚང་དབུལ་པོ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། མང་ཚོགས་སྔར་བས་མང་བས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བཅས་བྱས་ནས་རི་སྔོ་ཆུ་དྭངས་འདི་ཉིད“གསེར་རི་དངུལ་རིར”བསྒྱུར་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།