བོད་ལྗོངས་ཀྱིས་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་བཅོས་བསྒྱུར་དང་འཐུས་ཚང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་ཏན་ཏིག་བྱ་ཆེད། ཉེ་ཆར། བོད་ལྗོངས་ཀྱིས《སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》བཏོན་ཞིང་། གཞི་རྩའི་འཚོ་བའི་རོགས་སྐྱོབ་ལམ་ལུགས་སྲ་བརྟན་དང་། ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་། ཐོལ་བྱུང་དང་དཀའ་ངལ་ཅན་གྱི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པར་ཁྲིད་སྟོན། སྤྱི་ཚོགས་རོགས་སྐྱོབ་བྱེད་སྟངས་གསར་སྐྲུན་སོགས་གཙོ་གནད་ལས་འགན་གསལ་བོར་བྱས། 

《བྱེད་ཐབས》ཀྱིས་ཕྱོགས་ཡོངས་ནས་གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་། ཆེད་དོན་རོགས་སྐྱོབ། ཐོལ་བྱུང་དང་དཀའ་ངལ་ཅན་གྱི་རོགས་སྐྱོབ་བཅས་གཙོ་བོར་འཛིན་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུ་ཁ་གསབ་ཏུ་བྱེད་པ། རིམ་པ་དང་རིགས་དབྱེ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་འདོམས་བྱེད་པའི་རོགས་སྐྱོབ་མ་ལག་བསྐྲུན་པ་དང་། ལམ་ལུགས་འགའ་ཡིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཕྱོགས་བསྡུས་འགན་སྲུང་བྱེད་པའི་རོགས་སྐྱོབ་ཀྱི་རྣམ་པ་ཆགས་ཡོད། “རིམ་པ་གསུམ་གྱི་མ་ལག”དབྱེ་སྟེ། རིམ་པ་དང་པོར་གཞི་རྩའི་འཚོ་བའི་རོགས་སྐྱོབ་སྲ་བརྟན་དུ་བཏང་བ་བརྒྱུད། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ། རིམ་པ་གཉིས་པར་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་རོགས་སྐྱོབ་ལས་དོན་སྤྱི་འདོམས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། རིམ་པ་གསུམ་པར་ཐོལ་བྱུང་དང་དཀའ་ངལ་ཅན་གྱི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་ལ་ཤུགས་སྣོན་བྱས་པ་བརྒྱུད་དེ། ཧུར་བརྩོན་སྒོས་ཕན་འབྲས་ཆེ་བའི་རོགས་སྐྱོབ་མངོན་འགྱུར་བྱེད་དགོས་པའི་བླང་བྱ་བཏོན།

གཞན་ཡང་། 《བྱེད་ཐབས》ཁྲོད་ད་དུང་སྤྱི་ཚོགས་རོགས་སྐྱོབ་བྱེད་སྟངས་གསར་གཏོད་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པར་ཁྲིད་སྟོན་བྱེད་དགོས་པ་བཅས་བཏོན་ཡོད། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱས་པ་བརྒྱུད། སྤྱི་ཚོགས་རོགས་སྐྱོབ་ཁྱིམ་ཚང་ཁྲོད་འཚོ་བར་རང་མགོ་མི་ཐོན་པའི་རྒན་འཁོགས་དང་། ལོ་ན་མ་སོན་པའི་མི། དབང་བོ་སྐྱོན་ཅན་སོགས་ལ་དགོས་ངེས་ཀྱི་ངོ་འཕྲད་དང་ལྟ་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རོགས་སྐྱོབ་ཞབས་ཞུ་ཆ་སྙོམས་ཅན་དུ་མངོན་འགྱུར་ཡོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རིམ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། གཞི་སྡོད་དཔང་ཡིག་ཡོད་པའི་མི་སྣས་རང་སྡོད་ས་གནས་སུ་སྤྱི་ཚོགས་རོགས་སྐྱོབ་སྙན་ཞུ་བྱེད་པར་རིམ་བཞིན་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཀྱི་སྟོབས་ཤུགས་ཞན་པ་དང་སྒྲུབ་གཉེར་ཞབས་ཞུའི་ནུས་པ་ཞན་པའི་གནད་དོན་ལ་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་ཉོ་སྒྲུབ་ཀྱི་ཞབས་ཞུའི་སྲིད་ཇུས་དོན་འཁྱོལ་གྱི་བྱེད་ཐབས་བཏོན་པ། ཁྲོམ་ར་ཅན་གྱི་བྱེད་ཐབས་བརྒྱུད་དེ་མཁོ་འདོན་བྱས་པའི་ལས་དོན་རང་བཞིན་དང་། ཞབས་ཞུ་རང་བཞིན་གྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཞབས་ཞུའི་མཛུབ་སྟོན་དཀར་ཆག་ནང་བཅུག་སྟེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་འགན་འཁུར་དུ་འཇུག་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།