བོད་རང་སྐྱོང་ལྗོངས་ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལས་དོན་རུ་ཁག་གི་རོགས་རམ་འོག་ང་རང་ཁང་པ་གསར་པར་སྤོས་ཏེ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང་བས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཧོར་ཤང་སྤང་རི་གྲོང་ཚོའི་གྲོང་མི་བྱང་ཆུབ་སྒྲོལ་མས་བརྗོད།

བྱང་ཆུབ་སྒྲོལ་མ་གཅིག་པུས་ཕྲུ་གུ་སྐྱོང་གི་ཡོད་པས། དེ་སྔ་འཚོ་བ་སྐྱོ་པོ་ཡོད། 2016ལོར་བྱང་ཆུབ་སྒྲོལ་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག བོད་ལྗོངས་སྒུལ་བདེའི་གྲོང་སྡོད་ལས་དོན་རུ་ཁག་གིས་ཁོང་ལ་ལས་ཀ་ཙག་ཙིག་བྱེད་མཁན་གྱི་ལས་ཀ་ཞིག་བཙལ་བས། ཟླ་རེར་ཡོང་འབབ་སྒོར་3500ལྷག་ཡོད། ཡོང་འབབ་བརྟན་པོ་བྱུང་བས་ཁོང་གི་འཚོ་བ་ཡང་ཇེ་ཡག་ཏུ་སོང་ཡོད།

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཐད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།

གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཞན་ཆ་བསལ་ནས་ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་བ།

མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མ་མིག་ཤང་ཁལ་ཆེན་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པ་དང་། མང་ཚོགས་ཚོས་གཙོ་བོ་སྲོལ་རྒྱུན་གྱི་འབྲོག་ལས་གཉེར་ནས་འཚོ་བ་སྐྱེལ་གྱི་ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་གཏིང་ཟབ་བྱས་རྗེས་གྲོང་ཚོའི་ནང་ཚྭ་འབུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་རྗེས་རིགས་གཅིག་མཁས་ཅན་ལ་འབྲེལ་བ་བྱས་ནས་མང་ཚོགས་ལ་ཚྭ་འབུ་གསོ་ཚགས་བྱེད་སྟངས་བསླབས་པས་གྲོང་ཚོའི་མཉམ་སྡེབ་ལ་ལོ་ལྟར་འབབ་འཕར་སྒོར་ཁྲི་30ལྷག་ཙམ་ཡོང་བར་རོགས་རམ་ཐུབ་ཡོད།

བོད་ཀྱི་ཞིང་འབྲོག་ཁུལ་འཕེལ་རྒྱས་ལྟོས་བཅས་རྗེས་ལུས་ཡིན་པས། བོད་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ལས་བྱེད་པ་ཁྲི་2ཙམ་གྲོང་སྡོད་དུ་མངགས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལུའེ་ཡེ་ཧུའེ་ཡིས་2011ལོའི་ཟླ་བཅུ་པ་ནས་བཟུང་བོད་ཀྱིས་ཁག་དགུ་ཡི་ལས་བྱེད་པ་མི་ཐེངས་ཁྲི་19.3བསྟུད་མར་གྲོང་སྡོད་རོགས་སྐྱོར་ལས་དོན་སྤེལ་བར་བཏང་བ་དང་། ཁག་གསུམ་གྱི་ལས་བྱེད་པ་མི་ཐེངས་ཁྲི་1.6གྲོང་ཚོའི(གྲོང་ལྷན)ཧྲུའུ་ཅི་དང་པོ་བྱེད་པར་བཏང་ཡོད། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་གྲོང་ཚོ་རེར་རྨང་བརྟན་དམངས་ཕན་གྱི་ཆེད་དོན་མ་དངུལ་སྒོར་ཁྲི་20བཀོད་སྒྲིག་བྱས་ཏེ་གྲོང་སྡོད་ལས་བྱེད་པས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་པའི་ཐད་སྤྱད་ཡོད་ཅེས་ངོ་སྤྲོད་བྱས།

དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་བྱ་ཐབས་དང་གཙོ་གནད་ལས་འགན་གྱི་གསལ་ཐོ་བཟོས་པ་དང《<ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་སྲོལ་ཡིག>ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལས་ཀའི་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་གྲོང་ཚོའི་རྩ་འཛུགས་འཛུགས་སྐྱོང་གི་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་སྲིད་ཇུས་ཡིག་ཆ་བཏོན་ནས་གཞི་རྩའི་རྩ་འཛུགས་དང་། གཞི་རྩའི་དཔུང་ཁག གཞི་རྩའི་འགན་ལེན་སོགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཞན་ཆ་རིམ་བཞིན་བསལ་བ་དང་ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་བ། གཞི་རིམ་ཏང་རྩ་འཛུགས་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་ལ་འཛུགས་སྐྲུན་བྱས་ཡོད།

2020ལོའི་ཟླ་9པ་ནས་བཟུང་། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཁ་གཏད་རོགས་སྐྱོར་བྱེད་པའི་རྫོང་དང་ཆུས་བཞིའི་གྲས་ཤིག་ཡིན་པའི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཚོད་ལྟ་བྱ་ཡུལ་དུ་བརྩིས་ནས་བོད་རྒྱ་མི་རིགས་དབར“ཏང་འཛུགས་སྐྱོང་ཆ་སྒྲིག་དང་མང་ཚོགས་གཉེན་ཉེ་སྒྲིག་པ”བརྗོད་དོན་གཙོ་བོར་བྱས་པའི་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་བྱེད་སྒོ་འཚོལ་ཞིབ་ངང་སྤེལ་བ་དང་འཕྱོངས་རྒྱས་རྫོང་གི་སྔོན་ཐོན་གྲོང་ཚོ(སྡེ་ཁུལ)ཏང་ཀྲི་པུའི་ཧྲུའུ་ཅི་ཁག་གཅིག་ཤང་དབྱང་དུ“གཉེན་ཉེ་འཚོལ་བར”ཁྲིད་ཡོད། ཤང་དབྱང་དང་འཕྱོངས་རྒྱས་ཀྱི་སྔོན་ཐོན་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས“ཆ་སྒྲིག”བྱས་ཏེ་གཅིག་གཏད་གཅིག་གིས་མཛའ་མཐུན་ཏང་ཀྲི་པུའི་དྲན་ཐོ་བཞག་ནས་ས་གནས་གཉིས་ཀྱི་གཞི་རིམ་ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་སོགས་ཐད་མཉམ་ལས་བྱེད་པ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་རགས་ཙམ་ཐོབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།