ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་གདན་ཞུ་བྱས་པའི་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཡང་ཁྲང་དང་གྲོང་སྤྱི་གཞོན་པ་འཇམ་དགས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ཡི་ཚུན་གྱི་ལྷོ་ཁ་གྲོང་ཁྱེར་གྱི་ཏང་འཛུགས་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས། དེ་བཞིན་ལོ་ལྔ་ཚན་བཅུ་བཞི་པའི་འགོ་ཚུགས་གནས་ཚུལ་ངོ་སྤྲོད་གནང་བ་རེད།
ངོ་སྤྲོད་གནང་བར་གཞིགས་ན། ལོ་ངོ70ཡི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། བོད་ཀྱི་ལོ་རྒྱུས་དུས་མཚམས་ཁག་གི་ཏང་ཀྲུང་དབྱང་གི་ལམ་ཕྱོགས་དང་མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཏང་གི་སྲིད་འཛིན་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། ཏང་གི་དཔུང་ཁག་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་བཏང་ཡོད། ད་བར་ལྷོ་ཁ་གྲོང་ཁྱེར་དུ་གཞི་རིམ་ཏང་རྩ་འཛུགས2580དང་ཏང་ཡོན53263ཡོད་པ་རེད།
ལོ་ངོ70ཡི་རིང་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་གི་དབུ་ཁྲིད་འོག་དང་བོད་སྐྱོར་ཞིང་ཆེན་གསུམ་དང་ཀུང་སི་གཅིག་གི་རྒྱབ་སྐྱོར་འོག ལྷོ་ཁ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་ཕྱིན་པ། ཐོན་ལས་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་པོ་ཐུབ་པ་བཅས་བྱུང་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་དེ་སྤྱི་ལོ1990ལོའི་སྒོར་དུང་ཕྱུར2.78ནས་སྤྱི་ལོ 2020ལོའི་སྒོར་དུང་ཕྱུར215.40བར་འཕར་ནས་ལོའི་ཆ་སྙོམས་འཕར་ཚད16.2%ཟིན་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དེ་སྤྱི་ལོ1959ལོའི་སྒོར་ཁྲི་ཚོ62.30ནས་སྤྱི་ལོ2020ལོའི་སྒོར་དུང་ཕྱུར20.22 བར་འཕར་ནས་ལོའི་ཆ་སྙོམས་འཕར་ཚད14.3% ཟིན་པ། གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་དེ་སྤྱི་ལོ1978ལོའི་སྒོར143.5ནས་སྤྱི་ལོ2020ལོའི་སྒོར15874བར་འཕར་ནས་ལོའི་ཆ་སྙོམས་འཕར་ཚད12%ཟིན་པ་བཅས་བྱུང་ཡོད།
ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ཀྱི་འགོ་ཚུགས་ལོར། ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས། དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ལེགས་འཕེལ་དང་ཡར་འགྲོ་ཡར་བརྩོན་གྱི་རྣམ་པ་བཟང་པོ་ཐོན་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར45.42ཟིན་པ་དེ་དུས་མཚུངས་པ་ལས17.6% འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དེ་དུས་མཚུངས་ལས50.8 %འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར2.60ཟིན་པ་དེ་དུས་མཚུངས་ལས33.4%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར14.40ཟིན་པ་དེ་དུས་མཚུངས་ལས28.6%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར9740ཟིན་པ་དེ་དུས་མཚུངས་ལས11.6% འཕར་བ། གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར2820ཟིན་པ་དེ་དུས་མཚུངས་ལས16.3% འཕར་བ་བཅས་བྱུང་ཡོད།།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་ལྷོ་ཁའི་ཏང་འཛུགས་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་རྣམ་པ་བཟང་བ།