ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ནི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་སྦྲེལ་མཚམས་ཤིག་ཡིན་པས། ད་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ལོ་ལྔ་ཚན་བཅུ་བཞི་པའི་འགོ་ཡག་པོ་འཛུགས་པ་དང་རྨང་གཞི་བརྟན་དུ་གཏོང་བ་སོགས་ལ་དམིགས་ནས། ཆུས་དེའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཕན་ཚུན་སྤེལ་རེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ངལ་རྩོལ་རིན་ཐང་གཏོད་པ། ཕྱོགས་ཡོངས་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སློབ་སྦྱོང་སྒྲོག་འགྲེལ་དང་། གསོ་སྦྱོང་མཛུབ་སྟོན། རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་ཐེངས5000ལྷག་རྒྱ་ཁྱབ་ཏུ་སྤེལ་ནས། ཤང་༼ ཁྲོམ་གཞུང་དོན་གཅོད་ཁང་ ༽12 ཀྱི་གྲོང་ཚོ༼ སྡེ་ཁུལ ༽176 དང་། ལྗོངས་ཐད་གཏོགས་ཚན་པ60ལྷག་གི་མི་ཐེངས་ཁྲི3ལྷག་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་ཡོད།
མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་དམིགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་དུ་བཅའ་སྡོད་དང་ཆ་སྒྲིག་རོགས་སྐྱོར། ཆེད་དོན་སྒྲོག་འགྲེལ་བཅས་བརྒྱུད་སྒྲོག་འགྲེལ་ཐེངས200ལྷག་བྱས་པར་མང་ཚོགས་མི་ཐེངས་ཁྲི2ལྷག་ལ་སློབ་གསོ་ཐེབས་པ་དང་། རིག་གནས་ཀྱི་ཆུ་ཚད་མི་འདྲ་བ་དང་གསོ་སྦྱོང་གི་དགོས་མཁོར་དམིགས་ནས་ཏང་གི་སློབ་གྲྭ་དང་མི་སྤྱི་ཚན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་འབྲོག་ཚན་པ་བཅས་ཀྱིས་གཙོ་ཁྲིད་བྱས་ཏེ། གསོ་སྦྱོང་དུས་ཐེངས13སྒྲིག་འཛུགས་བྱས་པའི་ཁྲོད་མ་བྱན་དང་གློག་ལས་བཟོ་པ། བསླས་འཐག ཁྱིམ་ཆས་ཀྱི་ཚོན་པ་སོགས་ཀྱི་ལས་རིགས་གསོ་སྦྱོང་བྱས་ཏེ། ཞིང་འབྲོག་མང་ཚོགས839ཡི་ལས་ཞུགས་རྩལ་ནུས་ཇེ་མཐོར་བཏང་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བསམ་གྲུབ་རྩེ་ཆུས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་ཇེ་མཐོར་བཏང་།