ཟམ་པ་གསུམ་ལས་འབྲི་རུའི་འཕོ་འགྱུར་ཆེན་པོ་དངོས་སུ་མཚོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་རླན་ཆུ་ཤང་གི“བོད་བྱང་ཐང་གི་དཔྱང་ཟམ་དང་པོ”དེ་རྒྱལ་མོ་རྔུལ་ཆུ་འཕྲེད་བཅད་བཏང་ནས་བཙུགས་ཡོད། དེའི་འགྲམ་དུ་པང་ལེབ་བརྒྱ་ལྷག་ཙམ་ལས་གྲུབ་པའི་ཤིང་ཟམ་རྙིང་པ་ཞིག་ཡོད་པ་དང་ཐག་མི་རིང་བའི་སར་ཡོད་པའི་རླན་ཆུ་ཤང་གི་ཨར་འདམ་ཟམ་ཆེན་དེ་རྒྱལ་མོ་རྔུལ་ཆུ་འཕྲེད་བཅད་བཏང་ནས་ངོགས་གཉིས་ཀྱི་དེང་རབས་འགྲིམ་འགྲུལ་སྦྲེལ་མཐུད་བྱས་ཡོད།

ཟམ་པ་གསུམ་པོ་དེ་ལས་བོད་བྱང་ཐང་གི་འགྲིམ་འགྲུལ་གྱི་འཕོ་འགྱུར་ཆེན་པོ་མཐོང་ཐུབ། ད་ཆ་དེ་སྔའི“བོད་བྱང་ཐང་གི་དཔྱང་ཟམ་དང་པོ”དེའང་མཐོང་རྒྱུ་མེད་པར་གྱུར་ཡོད་ནའང་རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་ཀྱི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་འགྱུར་ལྡོག་གི་དཔང་པོ་བྱེད་ཐུབ།

སྔོན་ཆད་ཤིང་ཟམ་དང་འབྲེང་ཐག་ནི་ངོགས་གཉིས་ཀྱི་གྲོང་མིས་གཙང་པོ་སྒྲོལ་བའི་བགྲོད་ལམ་འབའ་ཞིག་དེ་རེད། ཤིང་ཟམ་རྙིང་པ་ཡོད་སྐབས་མི་རྣམས་ཀྱི་ཕྱིར་སྐྱོད་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་ཡོད། འོན་ཀྱང་པང་ལེབ་དང་ཐག་པ་ལས་གྲུབ་པའི་ཟམ་པ་རྙིང་པ་དེ་སྒྲོལ་སྐབས་མི་མང་པོ་ཞིག་དང་ལྷག་པར་དུ་བྱིས་པ་ཁེར་རྐྱང་དུ་ཟམ་པ་སྒྲོལ་བར་མངོན་མེད་རྐྱེན་ངན་ཆེན་པོ་འཕྲད་ཀྱི་ཡོད། གཞན་ཡང་ཟམ་པའི་ཐེག་ནུས་དེ་ཙམ་ཆེན་པོ་མེད་པས་ཟམ་པ་རྙིང་པ་དེའི་ཐོག་མི་དང་རྟ་མ་གཏོགས་འགྲིམ་འགྲུལ་ཡོ་ཆས་གཞན་དག་བསྐྱོད་ཐུབ་ཀྱི་མེད།

དཀའ་ངལ་དེ་དག་ལས་མང་ཚོགས་ཀྱི་དཔལ་འབྱོར་ཐོན་རྫས་སྣ་ཚོགས་དུས་ཐོག་ཏུ་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད། ཚགས་ཤ་དང་། ཕྱུར་བ། ཞོ། འོ་མ་སོགས་སོས་ཤོས་ཀྱི་དུས་སུ་ཕྱིར་ཚོང་བྱེད་དགོས་ཀྱི་ཡོད་ཀྱང་ཕྱིར་ཚོང་ས་ཚིགས་སུ་དུས་ཐོག་ཏུ་འབྱོར་གྱི་མེད་པས་འཕྲོ་བརླག་འགྲོ་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་པ་དེས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་བཟོས་ཡོད།

1999ལོར་སྲིད་གཞུང་གིས་མ་དངུལ་བཏང་ནས་ཟམ་པ་གསར་པ་ཞིག་བསྐྲུན་པ་དང་ཟམ་པ་དེ་དཔྱང་ཐག་གི་གྲུབ་ཆ་ཞིག་ཡིན་པ་དང་ཟམ་པའི་རིང་ཚད་ལ་སྨི་བརྒྱ་ལྷག་ཙམ་ཡོད། སྐབས་དེ་དུས་ནག་ཆུ་གྲོང་ཁྱེར་གྱི་བར་ཐག་རིང་ཤོས་ཀྱི་དཔྱང་ཟམ་ཞིག་ཡིན་པས“བོད་བྱང་ཐང་གི་དཔྱང་ཟམ་ཨང་དང་པོའི”མཚན་སྙན་ཐོབ་ཡོད།

སྲ་ཞིང་བརྟན་པའི་ཟམ་པ་གསར་པ་དེས་མང་ཚོགས་ཕྱིར་བསྐྱོད་རྒྱུར་དེ་བས་བདེ་འཇགས་དང་སྟབས་བདེ་བསྐྲུན་ཡོད་ལ་ས་གནས་དེ་གའི་ཐོན་རྫས་དུས་ཐོག་ཏུ་ཕྱིར་ཚོང་བྱེད་པའི་གནད་དོན་ཡང་ཐག་གཅོད་ནུས་ལྡན་ཐུབ་ཡོད། ཞིང་འབྲོག་པས་ཁྱད་ལྡན་ཐོན་རྫས་བདེ་བླག་ངང་ཡུལ་གཞན་དུ་ཕྱིར་ཚོང་བྱེད་ཐུབ་པའི་ཁར་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཆེད་ལས་མཉམ་ལས་ཁང་དེ་བས་མང་བ་བཙུགས་པ་དང་མང་ཚོགས་དེ་བས་མང་བས་ནུས་ཤུགས་ཡོད་རྒུས་ཁྱད་ལྡན་ཐོན་ལས་གཉེར་སྐྱོང་ལས་ལ་ཞུགས་ཡོད། “བོད་བྱང་ཐང་གི་དཔྱང་ཟམ་ཨང་དང་པོ”དེ་ལས་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་བ་དང་མཐའ་འཁོར་གྱི་གྲོང་ཚོ་6གི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཡོད།

“‘བོད་བྱང་ཐང་གི་དཔྱང་ཟམ་ཨང་དང་པོ’བསྐྲུན་པ་དེས་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ནས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་སྣ་ཚོགས་ཉོས་པ་དང་ཁང་པ་གསར་པ་བརྒྱབ་ཡོད། རླན་ཆུ་ཤང་གི་ཤང་ཀྲང་ཚེ་དབང་གིས“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དཔྱང་ཟམ་དེས་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས་སྲིད་གཞུང་གིས་མ་དངུལ་བཏང་ནས་དཔྱང་ཟམ་གྱི་སྨད་རྒྱུད་དུ་ཐེག་ནུས་ཧ་ཅང་ཆེ་བ་དང་རླངས་འཁོར་ཆེ་གྲས་སྒྲོལ་ཐུབ་པའི་དེང་རབས་ཅན་གྱི་ཨར་འདམ་ཟམ་པ་ཞིག་བསྐྲུན་ཡོད”ཅེས་ངོ་སྤྲོད་བྱས།

2020ལོའི་ལོ་མཇུག་བར་འབྲི་རུ་རྫོང་གིས་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་11མུ་མཐུད་བསྐྲུན་པར་ཁྱོན་མ་དངུལ་སྒོར་ཁྲི་36752བཏང་བ་དང་སྒྲིག་ཚུད་གྲོང་ཚོ་104ལ་གཞུང་ལམ་ཤར་གཏོང་ཐུབ་ཡོད།

“ང་ཐོག་མར་ལས་ཀར་ཡོང་སྐབས་ང་ཚོ་རླན་ཆུ་ཤང་ནས་ནག་ཆུ་གྲོང་ཁྱེར་དུ་བསྐྱོད་པར་ཉིན་2ཙམ་འགོར་གྱི་ཡོད། ད་ཆ་ཆུ་ཚོད་3དང་ཕྱེད་ཀ་ཙམ་ནང་ནག་ཆུ་གྲོང་ཁྱེར་དུ་འབྱོར་གྱི་འདུག”ཅེས་འབྲི་རུ་རྫོང་དུ་ལོ་20ལྷག་ཙམ་ལས་ཀ་བྱས་པའི་ཝུའུ་ཏ་ཧྭ་ཡིས་བཤད།

“བོད་བྱང་ཐང་གི་དཔྱང་ཟམ་ཨང་དང་པོ”ལང་ལོང་དུ་རྒྱུག་པའི་རྒྱལ་མོ་རྔུལ་ཆུའི་སྟེང་དུ་འགྱིང་ངེར་གནས། རྒྱལ་མོ་རྔུལ་ཆུར་ཟམ་པ་མེད་ན་འགྲོ་ལམ་མེད་པ་དང་རྒྱལ་མོ་རྔུལ་ཆུའི་ཟམ་པ་ནི་འབྲི་རུའི་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་དུས་རབས་ཀྱི་དཔང་པོ་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།