“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ཀྱིས་དབང་པོ་སྐྱོན་ཅན་ལ་ཁ་གསབ་རོགས་དངུལ་ཁག་གཉིས་སྤྲད་པར་ཁྱོན་སྒོར་དུང་ཕྱུར7.5ལྷག་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བསྡོམས་རྩིས་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས“དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དང་གཙོ་གནད་དབང་པོ་སྐྱོན་ཅན་གྱི་བདག་སྐྱོང་ཁ་གསབ་རོགས་དངུལ”(གཤམ་དུ“ཁ་གསབ་རོགས་དངུལ་ཁག་གཉིས”ཞེས་བསྡུ་རྒྱུ)སྤྲད་པར་ཁྱོན་སྒོར་དུང་ཕྱུར་7.5ལྷག་ཙམ་ཟིན་པ་དང་མི་གྲངས(མི་ཐེངས)ཁྲི་60ཙམ་ཟིན་ཡོད། དེའི་ནང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་ལེན་མཁན་མི་ཐེངས་444946དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་བདག་སྐྱོང་ཁ་གསབ་རོགས་དངུལ་ལེན་མཁན་མི་ཐེངས་154858བྱུང་ཡོད། དུས་མཚུངས་སུ་བོད་ལྗོངས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྡེ་ཚན་གྱིས་དབང་པོ་སྐྱོན་ཅན་ལ་ཁ་གསབ་རོགས་དངུལ་སྤྲོད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བ་འགན་ལེན་དང་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་བྱས་ཡོད།

དབང་པོ་སྐྱོན་ཅན་གྱི“ཁ་གསབ་རོགས་དངུལ་ཁག་གཉིས”ནི་རྒྱལ་ཁབ་ཀྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བའི་དམངས་ཕན་སྲིད་ཇུས་གལ་ཆེན་ཞིག་རེད་ལ། དབུལ་སྐྱོར་ལས་དོན་སྤེལ་བར་རམ་འདེགས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་རེད། 《དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དང་གཙོ་གནད་དབང་པོ་སྐྱོན་ཅན་གྱི་བདག་སྐྱོང་ཁ་གསབ་རོགས་དངུལ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》གྱི་བླང་བྱར་གཞིགས་ན། ཐེམ་ཁུངས་བོད་ནས་ཡིན་པའི་དབང་པོ་སྐྱོན་ཅན་ཡིན་ཕྱིན། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་50དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་མིའི་བདག་སྐྱོང་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་100རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་2016ལོར་སྒོར་55བར་མཐོ་རུ་བཏང་བ་དང་2018ལོར་སྒོར་100བར་མཐོ་རུ་བཏང་ཡོད། དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་མིའི་བདག་སྐྱོང་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་2016ལོར་སྒོར་110བར་མཐོ་རུ་བཏང་བ་དང་2018ལོར་སྒོར་200བར་མཐོ་རུ་བཏང་ཡོད།

རྗེས་མར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དབང་པོ་སྐྱོན་ཅན་གྱི“ཁ་གསབ་རོགས་དངུལ་ཁག་གཉིས”ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི“ཁ་གསབ་རོགས་དངུལ་ཁག་གཉིས”ཀྱི་ཐོབ་ཐང་ཁས་ལེན་རེ་ཞུའི“ཞིང་ཆེན་བརྒལ་ནས་མཉམ་སྒྲུབ”ཀྱི་ལས་དོན་དོན་འཁྱོལ་བྱེད་པ། ཡོངས་བསྒྲགས་དང་། ཕྱི་གསལ་ནང་གསལ། གཞུང་དྲང་གསུམ་ཡོང་བར་བྱེད་པ། ཁ་གསབ་སྤྲོད་ཚུལ་གནད་ལ་འཁེལ་བའི་འགན་ལེན་བྱེད་པ་བཅས་བྱས་ནས་དབང་པོ་སྐྱོན་ཅན་ལ་འཛིན་པའི་ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།