བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་ཆབ་མདོ་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཉེ་དུས།  བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ཡི་ཚུན་ཆབ་མདོ་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་ངོ70ཡི་རིང་།  ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་མངོན་ཆེར་འཛིན་ནས།  བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་།  ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་གཏིང་ཟབ་སྤེལ་བ།  ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་བ་བཅས་བྱས་པས།  ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དད་སེམས་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་།  གཞི་རིམ་དུ་ཏང་གི་སྲིད་འཛིན་པའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ།  ཟོལ་མེད་དང་སྤྱོད་གཙང་།  འགན་འཁྲི་འཁུར་ཕོད་པ།  བྱང་ཚད་མཐོ་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་བཏོད་དེ།  ཕྱོགས་ཡོངས་ནས་ཤེས་ལྡན་པ་གདན་ཞུ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་པས།  ཆབ་མདོའི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོར་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་དང་།  ཏང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་ཟླ་བས།  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70ཡི་རིང་ཆབ་མདོའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་མེད་པ་ནས་ཡོད་པའི་བར་དང་།  ཆུང་བ་ནས་ཆེ་བའི་བར།  ཉམས་ཞན་ནས་སྟོབས་ཆེའི་བར་གོང་འཕེལ་ཕྱིན་ནས་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད་ཅེས་གསུངས།

དེ་དང་ཆབས་ཅིག་ལོ་ངོ70རིང་ཆབ་མདོའི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་དང་སྐྱོན་བྲལ་ངང་གོང་འཕེལ་ཕྱིན་པ་དང་།  སྤྱི་ཚོགས་འགན་སྲུང་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ།  རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།  སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ།  བསྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད།

ད་ལོའི་དུས་ཚིགས་དང་པོར་ཆབ་མདོ་གྲོང་ཁྱེར་གྱི་ཐོན་སྐྱེད་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར46.13ཟིན་པ་དེ་དུས་མཚུངས་ལས18%འཕར་ནས།  ལོ་ལྔ་ཚན་བཅུ་བཞི་པའི་འགོ་ཡག་པོ་ཞིག་ཚུགས་ཐུབ་པ་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།