གཞིས་རྩེ་གྲོང་ཁྱེར་གྱིས“ཇོ་མོ་གླང་མ་བུམ་པའི”དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུའི་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས་ཏེ་གཞི་རིམ་གྱི་རིག་རྩལ་གསར་རྩོམ་དར་རྒྱས་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ནས“དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ”བཅས་ཀྱི་ལས་འགན་ལག་ལེན་གཏིང་ཟབ་བསྟར་ཆེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་གཞིས་རྩེ་གྲོང་ཁྱེར་གྱི“ཇོ་མོ་གླང་མའི་བུ་ཕྲུག་ཚོའི་སེམས་པ་ཏང་ལ་ཕྱོགས་པའི”“ཇོ་མོ་གླང་མ་བུམ་པའི”དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུའི་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་གཉེར་བ་རེད།

འགྲན་བསྡུར་གྱི་ཕན་འབྲས་འགན་ལེན་བྱ་ཆེད། ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་སྟོབས་རྒྱལ་དང་། བློ་བསྟན། པ་སངས་བཅས་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་དངོས་གྲུབ། གཞིས་རྩེ་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་པ་སངས་ཚེ་རིང་སོགས་རིག་རྩལ་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་5དཔྱད་འདེམས་ལ་གདན་དྲངས་པ་རེད།

འགྲན་བསྡུར་ལ་འཁྲབ་སྟོན་པ་ཚོས་དགོད་བྲོ་བའི་སྒྱུ་རྩལ་གྱི་མཚོན་ཐབས་ལ་བརྟེན་ནས་བརྗོད་བྱ་གཙོ་བོ་ཁ་གསལ་བ་དང་། ནང་དོན་སྐྱོན་བྲལ། སྟོན་ཕྱོགས་ཡང་དག་བཅས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། འཚོ་བའི་ཉམས་འགྱུར་ཟབ་པ། སྒྱུ་རྩལ་གྱི་ཚད་གཞི་མཐོ་བ་བཅས་ཀྱི་དགོད་བྲོའི་གཏམ་གླེང་འཁྲབ་སྟོན་བྱས་ཏེ་ལྟད་མོ་བར་དགའ་སྤྲོའི་འཛུམ་མདངས་དང་བསམ་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

ཐེངས་འདིའི་འགྲན་བསྡུར་ནི“དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས”བཅས་ཀྱི་རྩ་དོན་ལྟར། ལེ་ཚན་གྱི་སྤུས་ཚད་དང་། སྒྱུ་རྩལ་གྱི་རྣམ་པ། འཁྲབ་སྟོན་གྱི་ནང་དོན་བཅས་ལ་ཕྱོགས་བསྡུས་ཀྱིས་སྐར་གྲངས་དཔྱད་བསྡུར་བྱས་པ་རེད། འགྲན་བསྡུར་དང་དཔྱད་འདེམས་ཨུ་ལྷན་གྱིས་ཆེད་ལས་ཤན་འབྱེད་བྱས་པ་བརྒྱུད། འགྲན་བསྡུར་ལ་ཞུགས་མཁན་དཔུང་ཁག་6འབུར་དུ་ཐོན་པ་ལས་གཞིས་རྩེ་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པར་ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་གསེར་གྱི་བྱ་དགའ་ཐོབ་པ་དང་། ཁང་དམར་རྫོང་དང་རྣམ་གླིང་རྫོང་གི་འགྲན་ཞུགས་དཔུང་ཁག་ལ་དངུལ་གྱི་བྱ་དགའ་ཐོབ་པ། བསམ་གྲུབ་རྩེ་ཆུས་དང་། པ་སྣམ་རྫོང་། ས་སྐྱ་རྫོང་བཅས་ཀྱི་འགྲན་ཞུགས་དཔུང་ཁག་ལ་ཟངས་ཀྱི་བྱ་དགའ་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།