བོད་རང་སྐྱོང་ལྗོངས་ཚན་རྩལ་ཞབས་ཞུའི་ཚན་ཆུང་གིས་སྐལ་བཟང་ཐང་གཞི་ཁྱོན་ཅན་གྱི་འབྲི་གཡག་གསོ་སྤེལ་རྟེན་གཞིར་ལག་རྩལ་གྱི་ཞབས་འདེགས་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《2021ལོའི་ལྗོངས་ཡོངས་ཀྱི་ཞིང་འབྲེལ་ཚན་རྩལ་མི་སྣ་གཤམ་སྐྱོད་ཞབས་ཞུའི་བསམ་འཆར་ཇུས་གཞི》དང་། 《2021ལོའི་ཞིང་འབྲེལ་ཚན་རྩལ་མི་སྣ་གཤམ་སྐྱོད་ཞབས་ཞུའི་ལྷ་སའི་ཚོགས་ཆུང་གི་ལས་དོན་ཇུས་གཞི》གཞིར་བཟུང་། ཉེ་ཆར་ལྷ་སའི་ཚོགས་ཆུང་གི་འབྲོག་ལས་ཆུ་ཐོན་ཚན་རྩལ་ཞབས་ཞུའི་ཁོངས་མི་དང་གདན་དྲངས་པའི་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ལྷུན་གྲུབ་རྫོང་སྐལ་བཟང་ཐང་གཞི་ཁྱོན་ཅན་གྱི་འབྲི་གཡག་གསོ་སྤེལ་རྟེན་གཞིར་ལག་རྩལ་གྱི་མཛུབ་ཁྲིད་ཀྱི་ཞབས་འདེགས་ཞུ་བར་བསྐྱོད་པ་རེད།

ཚན་རྩལ་ཞབས་ཞུའི་ཚོགས་ཆུང་གིས་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ལས་ཐོན་ལས་དཔེ་སྟོན་གླིང་གི་གཞི་ཁྱོན་ཅན་གྱི་འབྲི་གཡག་གསོ་སྤེལ་རྟེན་གཞིར་ས་གནས་ས་ཐོག་གི་བརྟག་ཞིབ་བྱས་ཏེ་ལག་རྩལ་ར་བའི་འགོ་འཛིན་པ་དང་འབྲོག་ལས་རྐྱང་པའི་ཀུང་སིའི་འགན་འཁུར་བའི་འབྲོག་ར་གཉེར་སྐྱོང་བྱས་ཚུལ་གྱི་སྙན་སེང་ཉན་པ་མ་ཟད། ལྷས་ར་འཆར་འགོད་དང་འབྲི་གཡག་གི་གྲུབ་ཆ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ནས་འབྲི་གཡག་གི་རྒྱུན་གཏན་ཚོད་ལྟ་ཁང་འཛུགས་སྐྲུན། དེ་བཞིན་བརྟག་ཆས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་དང་ཚོད་ལྟ་སྙོམས་སྒྲིག་གི་གནས་ཚུལ་ལ་བརྟག་ཞིབ་ཀྱང་བྱས་པ་རེད།

མིག་སྔར། རྟེན་གཞི་དེར་ལག་ཡོད་འབྲི་གཡག་མགོ་གྲངས་2663དང་། བེའུ་150 བེའུ་འཁོར་བའི་མོ་ཕྱུགས་600བཅས་ཡོད། སྐྱེ་འཕེལ་མོ་ཕྱུགས་བདམས་ཏེ་ལོགས་སུ་འཇོག་སྐབས་འཆི་ཚད་0.55%ཡི་ནང་ཚོད་འཛིན་ཐུབ་ནས་གསོ་སྤེལ་རྟེན་གཞིའི་ལེ་ལག་ཚང་བའི་བྱེད་ནུས་སྤྱིར་ན་འཐུས་སྒོ་ཚང་དུ་སོང་སྟེ་སྐྱེ་འཕེལ་མོ་ཕྱུགས་གཡོག་བྱེད་དོ་དམ་བྱེད་སྟངས་ཡག་པོ་བྱུང་ནས་ཕྱུགས་ཁྱུའི་གཟུགས་བོངས་སྤྱིར་ན་སྙོམས་པ་དང་ཕལ་མོ་ཆེའི་ཤ་ཤེད་རྒྱས་ཐུབ་པ་བྱུང་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱེད་སྟངས་ཤིག་ཆགས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།