བྱེད་ཐབས་དོན་འཁྱོལ་གནད་སྨིན་ལས། འབྲོག་ལས་དབྱར་མཚོ་རྒྱས་ལྟར་འཕེལ།

—— ཆབ་མདོ་གྲོང་ཁྱེར་གྱི་འབྲོག་ལས་ལས་དོན་བརྟན་ཐོག་ཡར་འཕེལ་བྱུང་བའི་སྐོར་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོའི་བོད་ཕག་ནི་བོད་ཤར་རྒྱུད་ཀྱི་ས་མཐོ་ཁོ་ནར་ཡོད་པའི་ཤ་སྣག་བོད་ཕག་གི་ཐོན་ཁུངས་ཤིག་ཡིན་པ་དེར“ས་མཐོའི་ནོར་བུ”ཞེས་འབོད་ཀྱི་ཡོད། བོད་ཕག་ཕུད་ཆབ་མདོ་རི་བོ་ཆེའི་འབྲི་གཡག་དང་། ཨ་དབང་ལུག བོད་བྱ་སོགས་ཀྱང་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ཅིང་། དེ་ནི་ཆབ་མདོའི་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་ཁ་འབྲལ་ཐབས་མེད།

ན་ནིང་། ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱས་པ་དང་། འགག་རྩའི་མཚམས་ཚིག་རེ་རེར་དམ་འཛིན་གང་ལེགས་བྱས་ཏེ་འབྲོག་ལས་ཐོན་སྐྱེད་དང་། བ་གླང་གི་རྒྱུད་པ་ལེགས་བཅོས། མི་ཐབས་ལ་བརྟེན་ནས་རྩྭ་འདེབས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན། ཞིང་འབྲོག་ལས་ཀྱི་གེགས་འགོག་སོགས་ཀྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་པས་འབྲོག་ལས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་ཡག་པོ་མངོན་ཡོད་པ་རེད།

ལུ་གུ་སྐྱེ་བསུ་དང་གསོ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། ཆབ་མདོ་གྲོང་ཁྱེར་གྱིས་དགུན་དཔྱིད་ཀྱི་གེགས་འགོག་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། “གྱོང་གུན་ཉུང་གཏོང་ནི་འབབ་འཕར་ཡིན་པའི”བསམ་བློར་གཞིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཕྱུགས་ཕྲུག་གསོན་ཚད་མཐོ་རུ་བཏང་ཞིང་། བ་ཚང་བརྟན་དུ་ཧུར་ཐག་གཏོང་བ་དང་ཧུར་ཐག་སྐྲུན་པ་མ་ཟད། གཟན་རྩྭ་ལུགས་མཐུན་ངང་བཀོད་གཏོང་བྱས་ཏེ་ལུ་གུ་སྐྱེ་བསུ་དང་གསོ་བའི་གཟན་རྩྭ་གཟན་ཆག་གྲ་སྒྲིག་ལས་དོན་བཀོད་སྒྲིག་ཡག་པོ་བྱས་ཡོད་པ་རེད། རིམ་ཁག་ཞིང་འབྲོག་ཕྱུགས་རིགས་ལས་དོན་མི་སྣས་ཞིང་འབྲོག་མང་ཚོགས་ཀྱིས་ཕྱུགས་རིགས་གསོ་ཚགས་དང་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བར་སྔར་བས་ཁྲིད་སྟོན་བྱས་ཏེ་རྩྭ་ར་ལུགས་མཐུན་བེད་སྤྱོད་དང་ཕྱུགས་ཟོག་གསོ་ཚགས་འོས་འཚམ་བྱས་ནས་འཁྱགས་ཤི་དང་ལྟོགས་ཤི་ཐེབས་པའི་ཕྱུགས་ཕྲུག་ཉུང་དུ་གཏོང་གང་ཐུབ་བྱས་པ་རེད།

ཞིང་འབྲོག་མང་ཚོགས་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཤིང་། ན་ནིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཁ་གསབ་བྱ་དགའི་སྲིད་ཇུས(དེ་སྔའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས)ལག་བསྟར་བྱས་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་8170.62ཟིན་པའི་ནང་རྩྭ་ཕྱུགས་དོ་སྙོམས་ཀྱི་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་7420.62དང་ཕྱུགས་བཀག་རྩྭ་ཐང་མུའུ་ཁྲི་750ཟིན་པ། རིགས་པའི་གཞུང་ལུགས་དང་མཐུན་པའི་ཤོང་ཚད་ལུག་ཁྲི་747.67གཏན་འཁེལ་བྱས་པ། འབྲོག་དུད་ནས་རང་བྱུང་རྩྭ་ཐང་གི་ལྟ་སྐུལ་བ་2711བསྡུས་པ། ལོ་འཁོར་གྱི་ཞིང་འབྲོག་པའི་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་2.58དུད་ཚང་ལ་སྤྲད་དེ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2430བྱུང་བ་བཅས་རེད།

ཞིང་འབྲོག་ལས་ཀྱི་གེགས་འགོག་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་གྱིས་གེགས་འགོག་གི་བསམ་ཕྱོགས་གསར་གཏོད་བྱས་ཏེ་དངོས་ཟོག་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ་དང་། “སྔོན་འགོག”མངོན་གསལ་དོད་པ། “འགོག་ཟོན”ལ་དོ་སྣང་། “གེགས་སྐྱོབ”ལ་ཤུགས་སྣོན་བཅས་བྱེད་པ་དང་དུས་མཚམས་ཁག་གི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལས་དོན་གྱི་གཙོ་གནད་དང་ལས་དོན་ཁྲོད་གནས་པའི་ཉམས་ཞན་ལྷུ་ཚིགས་གཉིས་ཟུང་འབྲེལ་བྱས་ཏེ་སྔོན་ཚུད་ཉེན་བརྡའི་ལྟ་ཞིབ་ཚད་ལེན་ལམ་སྲོལ་སྔར་བས་བཙུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བསམ་བློ་དང་། འགན་འཁྲི། རྩ་འཛུགས། ལས་དོན་བཅས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་གནོད་འཚེའི་རིགས་སྣ་ཚོགས་ལས་ཐོན་པའི་གྱོང་གུན་ཆུང་ཤོས་སུ་བཏང་ཡོད། 2020ལོར་རྫོང(ཆུས)ཁག་ལ་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གེཌ་འགོག་མ་དངུལ་སྒོར་ཁྲི་1315སྤྲད་པ་དང་རྫོང(ཆུས)ཁག་ལ་གཟན་རྩྭ་ཏུན་3567.27བཀོད་གཏོང་བྱས་པ་རེད།

ཕག་པ་ཐོན་སྐྱེད་མགྱོགས་མྱུར་སླར་གསོ་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་གྱིས་བོད་ཕག་རྒྱུད་སྤེལ་ལས་དོན་ཧུར་ཐག་སྤེལ་ནས་མ་དངུལ་སྒོར་ཁྲི་485.392བཏང་བ་དང་། ཡུན་ནན་ཞིང་ལས་སློབ་ཆེན་གྱི་རྒྱུད་གསོ་ལག་རྩལ་ཞབས་ཞུ་ལ་བརྟེན་ནས་ཁ་རུབ་ཆུས་ས་སྒང་ཤང་རྡོ་ཕུ་ཁ་བོད་ཕག་གསོ་ཚགས་རྒྱུད་སྤེལ་རྟེན་གཞི་དང་མཉམ་འབྲེལ་གྱིས་སྨར་ཁམས་དང་། མཛོ་སྒང་། ལྷོ་རོང་། དཔལ་འབར། སྟེང་ཆེན་བཅས་རྫོང་ལྔར་ཕག་གསེབ་1163ཁྱབ་གདལ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།